༢༠༡༦ ཟླ་ ༤ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་བཅུ་གཅིག་གིས་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་ Mr John Kerry མཆོག་ལ་ཞུ་སྙན་ཞིག་ཕུལ་བ་བརྒྱུད། དྲུང་ཆེ་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སྐབས་རྒྱ་ནག་གཞུང་དང་ལྷན་བོད་མིའི་ཆབ་སྲིད་བཙོན་པའི་གནད་དོན་སྐོར་གླེང་སློང་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག ཞུ་སྙན་དེའི་ནང་མཁན་པོ་ཀརྨ་ཚེ་དབང་མཆོག་དང་། བློ་བཟང་དཀོན་མཆོག་ལགས། ཐབས་མཁས་རྒྱ་མཚོ་ལགས་བཅས་ཆབ་སྲིད་བཙོན་པ་གསུམ་དངོས་སུ་མིང་འདོན་གནང་ནས་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་ཡང་གནང་རོགས་ཞེས་གསལ། དེ་ཡང་ཞུ་སྙན་ནང་འཁོད་དོན། དེ་རིང་ང་ཚོས་ཞུ་སྙན་འདི་བརྒྱུད་ནས་བོད་མི་ཆབ་སྲིད་བཙོན་པ་གསུམ་གྱི་གནས་སྟངས་ལ་སེམས་འཚབ་ཤུགས་ཆེ་ཡོད་པ་གསལ་འདོན་ཞུ་རྒྱུ་མ་ཟད། གཞན་ཡང་བོད་མི་ཆབ་སྲིད་བཙོན་པ་བརྒྱ་ཕྲག་མང་པོ་ད་ལྟ་རྒྱའི་བཙོན་ཁང་དུ་ལུས་ཡོད་པ་རྣམས་ཀྱི་གནས་སྟངས་ལའང་ང་ཚོས་དོ་སྣང་དང་སེམས་འཚབ་བྱེད་བཞིན་ཡོད།
དེར་བརྟེན་ང་ཚོས་སྐུ་ཉིད་མཆོག་དང་ཕྱི་སྲིད་ལས་ཁུངས་ཀྱི་ཕྱག་སྦྲེལ་རྣམ་པ། རྒྱ་ནག་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དང་ཁྲན་ཏུར་ཡོད་པའི་ཨ་རིའི་དོན་ཁང་སོགས་ཀྱིས་རྒྱ་ནག་གཞུང་དང་ལྷན་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྐོར་དང་། གང་དུ་ཡོད་མེད། ཁོང་ཚོའི་ལུས་པོར་འཕྲོད་བསྟེན་དང་སྨན་བཅོས་དགོས་རིགས་རྣམས་ལ་འཕྲལ་མར་སྨན་བཅོས་མཐུན་འགྱུར་སྤྲོད་དགོས་པ་མ་ཟད། བོད་མི་ཆབ་སྲིད་བཙོན་པ་གཞན་སྨན་བཅོས་མཐུན་འགྱུར་དགོས་རིགས་རྣམས་སྔོན་དུ་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་འདོན་རོགས། ཞེས་འཁོད་འདུག སྤྱིར་མཁན་པོ་ཀརྨ་ཚེ་དབང་མཆོག་ནི་མཚན་སྙན་ཆེ་བའི་མཁན་པོ་ཞིག་ཡིན་པ་མ་ཟད། བོད་མིའི་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཐོག་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་མ་ཟད། ངལ་སེལ་རོགས་སྐྱོབ་ཀྱི་ལས་འགུལ་འདྲ་མིན་ནང་ཧུར་བཙོན་ཐོག་ནས་འགན་ཁུར་བཞེས་མཁན་ཞིག་ཡིན། ཁོང་ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གཞུང་གིས་དམ་བསྒྲགས་བཀག་སྐྱིལ་བྱས་མཐར་ལོ་གཉིས་དང་ཕྱེད་ཀའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། བློ་བཟང་དཀོན་མཆོག་ལགས་ནི་བོད་པའི་དགེ་འདུན་པ་ཞིག་ཡིན་ཞིང་། ཁོང་ལ་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གི་གནས་ཚུལ་བཙན་བྱོལ་བོད་མིར་ཕྱིར་གྱར་བྱས་པའི་ཉེས་འཛུགས་འོག་ལོ་གཉིས་འཕར་འགྱངས་ཐོག་སྲོག་ཁྲིམས་གཏོང་རྒྱུ་རེད། ཐབས་མཁས་རྒྱ་མཚོ་ལགས་ནི་ནང་པའི་དགེ་འདུན་པ་ཞིག་དང་རྩོམ་པ་པོ་ཡིན་འདུག
ཁོང་ལ་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་ཀྱི་རྒྱལ་དར་འགྲེམས་སྤེལ་བྱས་པའི་ཉེས་འཛུག་འོག་ལོ་ ༡༥ བཙོན་འཇུགས་ཁྲིམས་ཐག་བཅད་འདུག དེ་ཡང་ཞུ་སྙན་ནང་མུ་མཐུད་འཁོད་དོན། བོད་མི་དེ་དག་གིས་རང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པ་ཞིག་ཡིན་པ་ལས་གཞན་གང་ཡང་མིན། དེར་བརྟེན་ཁོང་རྣམས་ལ་བཙོན་འཇུག་ཁྲིམས་ཆད་བཏང་བ་ནི་བྱས་རྗེས་ཧ་ཅང་ཡོད་མཁན་བོད་མི་རྣམས་ལ་དྲང་བདེན་རྩ་བ་ནས་བྱུང་མེད་པ་དང་། ཁོང་རྣམས་ལ་གོད་ཆག་ཚབས་ཆེ་ཕོག་པ་ཞིག་ཆགས་ཡོད། ང་ཚོས་སླར་ཡང་སྐུ་ཉིད་མཆོག་གིས་རྒྱ་ནག་འབྲེལ་ཡོད་ལས་བྱེད་ཚོ་དང་ལྷན་གྲོས་མོལ་ལམ་ནས་གོང་གི་ཆབ་སྲིད་བཙོན་པ་གསུམ་འཕྲལ་མར་གློད་བཀྲོལ་གཏོང་དགོས་པའི་ཤུགས་གནོན་རྒྱག་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་འཁོད་འདུག
དེ་ཡང་གྲོས་ཚོགས་འཐུས་མི་ཁོང་རྣམས་ནི་སྐུ་ཞབས་མེ་ཀལ་སི་ཀ་པུ་ནོ་མཆོག་ Micheal E Capuano དང་ཁི་རི་སི་ཊོབ་པར་སི་མི་ཏི་མཆོག Christopher H Smith ཇེམ་སི་མེག་གོ་ཝན་མཆོག James P McGovern སེན་སེན་བྷེར་ནར་མཆོག James F Sensenbrenner ཨེ་ལི་ནོར་ཧོམ་སི་མཆོག Eleanor Holmes Norton ཌོ་ནལ་ཌི་ Donald S Beyer Jr མཆོག ཌི་ཀ་ལག D Clarke མཆོག མག་པོ་ཀན་མཆོག Mark Pocan ད་ན་རོ་ར་བྷེ་ཆར་ Dana Rohrabacher མཆོག པི་ཊར་ཝལ་ཤི་ Peter Welch མཆོག ཌེ་ཝི་ཌི་རོ་ཛར་མཆོག David Rouzer བཅས་ཡིན་འདུག །