༢༠༡༦ ཟླ་ ༤ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༩ ཉིན་ཨུ་ཏྟར་པྲ་དེ་ཤི་མངའ་སྡེའི་གྲོང་ཁྱེར་ཨ་ལ་ཧ་བྷ་ཌིར་རྟེན་གཞི་བྱས་པའི་ཤི་ཝ་གངྒ་ཝིདྱ་མན་དིར་ Shiva Ganga Vidya Mandir ཞེས་པའི་སློབ་གྲྭས་བོད་དོན་གདུང་སེམས་མཉམ་སྐྱེའི་གོམ་འགྲོད་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་འདུག
དེ་ཡང་སློབ་གྲྭའི་སློབ་སྤྱི་ཨར་པི་པན་ཌེ་ Shri R P Pandey ལགས་ཀྱིས་གསུང་དོན། ཐེངས་འདིའི་གོམ་འགྲོད་ལས་འགུལ་འདི་བཞིན་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་འོག དྲག་གནོན་དང་མི་སྤྱོད་ལས་འདས་པའི་གདུག་རྩུབ་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་གོ་སྒྲིག་ཞུས་པ་ཞིག་ཡིན། ཞེས་གསུངས་འདུག གོམ་འགྲོད་ལས་འགུལ་དབུ་འཛུགས་ཀྱི་མཛད་སྒོར་ཝར་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་ར་མེཤ་ཅནྡྲ་ནེ་གི་ Dr Ramesh Chandra Negi ལགས་སྐུ་མགྲོན་གཙོ་བོར་གདན་ཞུས་གནང་ཡོད་པ་དང་།
སྐབས་དེར་ཁོང་གིས་བོད་ཀྱི་གནད་དོན་སྐོར་ངོ་སྤྲོད་གནང་གྲུབ་བསྟུན་སློབ་ཕྲུག་རྣམས་ལ་བོད་ཀྱི་རྒྱལ་དར་བརྒྱུད་སྤྲོད་གནང་སྟེ་གོམ་བགྲོད་དབུ་འཛུགས་གནང་ཡོད། ཐེངས་འདིའི་གོམ་བགྲོད་ནང་སློབ་གྲྭ་དེའི་དགེ་ལས་སློབ་ཕྲུག་ཁྱོན་མི་གྲངས་ཆིག་སྟོང་ཙམ་མཉམ་ཞུགས་གནང་ཡོད། སྐབས་དེར་སློབ་ཕྲུག་རྣམས་ཀྱིས་བོད་ལ་རང་དབང་དགོས་པ་དང་རྒྱ་ནག་གཞུང་གིས་བོད་ནང་མནར་གཅོད་མཚམས་འཇོག་དགོས་པའི་སྐད་འབོད་བརྒྱབ་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་མཛད་བཞིན་པ་དེར་བསྔགས་བརྗོད་ཀྱང་ཞུས་འདུག
ཐེངས་འདིའི་གོམ་བགྲོད་འདི་བཞིན་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་ཨུ་ཏྟར་པྲ་དེ་ཤི་མངའ་སྡེའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་དང་ས་གནས་འབྲེལ་མཐུད་པ་སྐུ་ཞབས་སུན་དར་ལལ་སུ་མན་ Shri Sundar Lal Suman ལགས་ཐུན་མོང་གིས་མཐུན་འགྱུར་གནང་ཡོད་པ་བཅས།།