༢༠༡༦ ཟླ་ ༤ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༣ ཉིན་སྤོན་ཊ་ཆོལ་གསུམ་གྱི་སྐབས་བརྒྱད་པའི་འཐུས་མི་གྲངས་ ༡༡ བདམས་ཐོན་ཁོངས་ཚོགས་གཙོ་ཚོགས་གཞོན་བཅས་མི་གྲངས་ ༡༠ ལས་ཁུར་དམ་འབུལ་དང་། ཕྱི་ཟླ་ ༤ ཚེས་ ༢༢ ཉིན་སྤུར་ལྦ་ལ་ས་སྐྱ་གཞིས་ཆགས་ཀྱི་སྐབས་བརྒྱད་པའི་བདམས་ཐོན་འཐུས་མི་གྲངས་ ༩ ཁོངས་ཚོགས་གཙོ་ཚོགས་གཞོན་བཅས་མི་གྲངས་ ༧ ལས་ཁུར་དམ་འཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་དང་།
ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པས་སྤོན་ཊ་ཆོལ་གསུམ་དུ་གོང་ཚེས་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༤།༣༠ དང་། སྤུར་ལྦ་ལ་རུ་གོང་ཚེས་ཞོགས་པ་ཆུ་ཚོད་ ༡༡།༣༠ ནས་ ༡།༠༠ བར་སོ་སོར་ས་གནས་མི་མང་དང་། སློབ་ཕྲུག་དགེ་ལས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འཐུས་མི་རྣམ་པ་ཚང་འཛོམས་ཐོག་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོདམིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཅའ་ཁྲིམས་དགོངས་དོན་མང་གཙོའི་ཀ་བ་གསུམ་སོསོའི་འགན་དབང་དང་། སྒེར་སོ་སོའི་ལས་འགན། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ་དང་། ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་བ་དང། སྐབས་མཚམས་དྲི་བ་ཁག་ལ་ལན་འདེབས་གནང་འདུག་པ་བཅས་ཀྱི་གསར་འགྱུར་སྙིང་བསྡུས་སུ།།