༢༠༡༦ ཟླ་ ༤ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། སྐུ་ཞབས་ U Htin Kyaw མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༠ ཉིན་འབར་མའི་སྲིད་འཛིན་གསར་པའི་འགན་ཁུར་དམ་འབུལ་ཞུས་པར་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན།
ངས་གཞིས་བྱེས་བོད་མི་ཡོངས་དང་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་འབར་མའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་དང་ལྕམ་སྐུ་ཨང་སང་སུ་ཀི་Aung San Suu Kyiམཆོག་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག འབར་མའི་ཡུལ་དུ་ཡར་རྒྱས་དང་ཞི་བདེ་བརྟན་ལྷིང་ཡོང་བ་དང་། སྐུ་ཉིད་མཆོག་ནས་ལྕམ་སྐུ་ཨང་སང་སུ་ཀི་མཆོག་གི་ལམ་སྟོན་གཞིར་བཟུང་འགན་ཁུར་སྣེ་ཁྲིད་ཀྱིས་འབར་མའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་ཡར་རྒྱས་ཀྱི་ལིའུ་གསར་པ་ཞིག་འགོད་རྒྱུ་ཡིན་པ་ང་ཚོས་ཡིད་ཆེས་གཙང་མ་ཡོད། སྐུ་ཉིད་མཆོག་གི་འབྱུང་འགྱུར་མཛད་བྱུས་རྣམས་ལ་བོད་མི་ཚོས་དུས་རྟག་ཏུ་རྒྱབ་སྐྱོར་ཡོད། ཅེས་ཞུ་རྒྱུ་ཡིན། ཞེས་འཁོད།
སྤྱིར་སྐུ་ཞབས་Mr Htin Kyaw མཆོག་ནི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཨང་སང་སུ་ཀི་མཆོག་དང་གྲོགས་འདྲིས་བཟང་ཞིང་ལྕམ་སྐུ་མཆོག་གིས་ཡིད་ཆེས་བློ་འགེལ་གནང་ས་ཞིག་ཡིན་པར་བརྟེན། ཐེངས་འདིར་ལྕམ་སྐུ་མཆོག་གིས་ཐད་ཀར་ཁོང་ལ་འབར་མའི་སྲིད་འཛིན་དུ་འདེམས་ཡོད། དེ་སྔའི་འབར་མའི་དམག་མིའི་སྲིད་གཞུང་གིས་གཏན་འབེབས་བྱས་པའི་རྩ་ཁྲིམས་ལྟར་ན་ཁོང་ལ་སྲིད་འཛིན་གྱི་གོ་ས་ཐོབ་ཐབས་བྲལ་བ་ཞིག་ཡིན་འདུག