༢༠༡༦ ཟླ་ ༤ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཉིན་གྲངས་བཞིའི་རིང་རྒྱ་གར་དབུས་ཕྱོགས་མངའ་སྡེ་མདྱ་པྲ་དེ་ཤི་ Madhya Pradesh གྲོང་ཁྱེར་ཨིན་དོར་ Indore ནང་བོད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་གནང་སྟེ་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༣ ཉིན་མཇུག་སྒྲིལ་གནང་ཡོད་འདུག
དེ་ཡང་ཐེངས་འདིའི་འགྲེམས་སྟོན་འདི་བཞིན་གྲོང་ཁྱེར་ཨིན་དོར་ནང་རྟེན་གཞི་བྱས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ Bharat-Tibbat Sahyog Manch དང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་གཉིས་ཐུན་མོང་གིས་གོ་སྒྲིག་འོག བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་། སྒྱུ་རྩལ་བཅས་གྱི་གོ་རྟོགས་སྤེལ་བའི་ཁྲོད་ཝར་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་བོད་ཀྱི་གསོ་བ་རིག་པའི་སྐོར་དང་སྐུ་ཐང་སོགས་འགྲེམས་སྟོན་གྱི་ལམ་ནས་གོ་རྟོགས་རྒྱ་ཆེ་སྤེལ་འདུག
ཐེངས་འདིའི་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་གཉིས་ཡོད་པ་ནི། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་རྣམ་དང་འཕགས་བོད་གཉིས་དབར་གནའ་དེང་གི་འབྲེལ་ལམ་འཕེལ་རྒྱས་འགྲོ་ཚུལ་སྐོར་ཡིན་འདུག ཉིན་གྲངས་བཞིའི་རིང་གི་འགྲེམས་སྟོན་སྐབས་ས་གནས་དེར་གནམ་གཤིས་ཚ དྲོད་ཆེན་པོ་ཡོད་མིན་ལ་མ་ལྟོས་པར་མང་ཚོགས་ཀྱིས་ཉིན་ལྟར་དོ་སྣང་ཆེན་པོས་འགྲེམས་སྟོན་གཟིགས་པར་ཕེབས་ཡོད་འདུག གཞན་ཡང་ཕྱི་དྲིལ་ལས་ཁུངས་ཀྱི་པར་སྐྲུན་ཞུས་པའི་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་དང་། དབུ་མའི་ལམ་གྱི་སྐོར། དེ་བཞིན་བོད་ཀྱི་ཁོར་ཡུག་གནས་སྟངས་སོགས་འཁོད་པའི་དཔེ་དེབ་ཁག་གཅིག་ཀྱང་འགྲེལས་སྤེལ་གནང་འདུག ཐེངས་འདིའི་སྐོར་སྐྱོད་སྐབས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱེད་བསྟན་འཛིན་རབ་འབྱམས་ལགས་དང་ཚེ་རིང་དབང་འདུས་ལགས་སོགས་ཡོད་པ་བཅས།།