༢༠༡༦ ཟླ་ ༤ ཚེས་ ༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས། འདི་ལོའི་ཕྱི་ཟླ་ ༤ ནང་ནད་གཞི་སྔོན་འགོག་དང་འཕྲོད་བསྟེན་གོ་རྟོགས་ཀྱི་ཟླ་བར་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་དང་སྦྲགས། རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་ཁྲོད། ནད་རིགས་འདྲ་མིན་ཐོག་གོ་བསྐོན་སློབ་གསོ་དང་སྔོན་འགོག་གི་ཐབས་ལམ་མཛུབ་ཁྲིད་གནང་དགོས་པའི་འབྲེལ་ཡོད་ལྷོ་སྤྱི་དང་ས་གནས་འགོ་འཛིན། སྨན་རྩིས་ཁང་དང་། སྨན་ཁང་དང་སློབ་གྲྭ མཐོ་སློབ་ཉལ་ཁང་། དེ་བཞིན་དགོན་སྡེ་གྲྭ་ཚང་ཁག་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་ཚང་མར་འབོད་སྐུལ་གྱི་གསལ་བསྒྲགས་སྤེལ་འདུག
དེ་ཡང་གཙོ་བོ་གློ་ནད་ཊི་སྦི་དང་མཆིན་པའི་གཉན་ཚད། གཅིན་སྙི་ནད་གཞི། གཉན་ནད་རེག་དུག ཕོ་བ་དང་མཆིན་པའི་འབྲས་ནད་རིགས་ཀྱི་ནད་གཞི། ཁྲག་ཤེད་སོགས་ཡིན་འདུག་པ་དང་། གསལ་བསྒྲགས་དེའི་ནང་། འབྲེལ་ཡོད་ས་གནས་སོ་སོའི་ནང་གི་ནད་རིགས་གྲངས་ཐོ་ལ་གཞིགས་ཏེ་སྤེལ་དགོས་པ་མ་ཟད། མང་ཚོགས་ཁྲོད་དར་ཁྱབ་ཆེ་བའི་ནད་རིགས་རྣམས་ལ་སྔོན་འགོག་གི་ཐབས་ལམ་བསྟེན་རྒྱུའི་ཀུན་སློང་སྐྱེ་འཇུག་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
སྤྱིར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་རྒྱ་གར་གཞུང་གི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལས་ཁུངས་གཉིས་དབར། སྔ་ལོ་ཕྱི་ཟླ་ ༡༠ ནས་འདི་ལོའི་ཕྱི་ཟླ་ ༡༢ བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གློད་ནད་ཊི་སྦི་དང་ TB ནད་གཞི་སྔོན་འགོག་ཆེད་གཉིས་མོས་གྲོས་མཐུན་གན་རྒྱ་བཞག་ཡོད། གན་རྒྱའི་འབྲུ་དོན་གཙོ་བོ་ནི། བཙན་བྱོལ་བོད་མི་འདུ་སྡོད་ས་ཁུལ་ཁག་གི་མང་ཚོགས་ཁྲོད། གློ་ནད་སྔོན་འགོག་དང་གོ་རྟོགས་སྤེལ་རྒྱུ། སྔོན་འགོག་གི་ལས་གཞིའི་ནུས་པ་སྐྱེད་སྲིང་བྱ་རྒྱུ་དང། ལྷག་པར་གློད་ནད་དར་ཁྱབ་ཆེ་བའི་ས་གནས་ཁག་ ༡༥ དམིགས་བཀར་གྱིས་དགོན་པ་དང། སློབ་གྲྭ། གཞིས་ཆགས་བཅས་ཀྱི་ས་གནས་ས་ཐོག་ཏུ་ཆེད་ལས་སྨན་པ་དང་སྨན་ཞབས། འབྲེལ་མཐུད་མི་སྣ་ཆེད་མངགས་བསྐོ་བཞག་ཐོག་སྔོན་འགོག་ལས་གཞི་རྒྱ་ཆེ་སྤེལ་རྒྱུ་ཡིན་འདུག