༢༠༡༦ ཟླ་ ༤ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་རྒྱ་གར་བྱང་ཕྱོགས་ཇ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སུ་མེ་བྷུབ་བྷ་མུབ་ཏི་ Mehbooba Mufti མཆོག་གིས་གཙོས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་མཆོག་དང་། མངའ་སྡེའི་མཉམ་འབྲེལ་བློན་ཆེན་ཚེ་རིང་རྡོ་རྗེ་མཆོག་བཅས་དང་མཇལ་འཕྲད་གནང་སྟེ། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་ཕྱི་ལོ་ ༢༠༡༤ ཞེས་པ་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་སྲིད་བྱུས་དེ་མགྱོགས་མྱུར་ཕྱག་བསྟར་གནང་ཐབས་དང་། མངའ་སྡེའི་ནང་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་གང་ཆེ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་མ་ཟད། ཁུལ་དེའི་བོད་མི་རྣམས་ལ་བཟའ་འབྲུའི་ལག་དེབ་ ration card ཀྱི་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་ཡོད།
དེ་བཞིན་ལ་དྭགས་ལྷོ་བྱང་གཉིས་ཀྱི་བོད་མི་ཚོར་མཐུན་འགྱུར་རོགས་རམ་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་གྱི་ཞུ་སྙན་ཞིག་ཀྱང་ཕུལ་འདུག མཇལ་འཕྲད་སྐབས་ནང་སྲིད་བཀའ་བློན་མཆོག་གིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཕྱག་རྟགས་སུ་སྟོན་པའི་སྐུ་བརྙན་ཞིག་དང་མཇལ་དར་བཅས་ཕུལ་ཡོད།
སྐབས་དེར་མངའ་སྡེའི་མཉམ་འབྲེལ་བློན་ཆེན་སྐུ་ཞབས་ཚེ་རིང་རྡོ་རྗེ་མཆོག་གིས་ཀྱང་བྱང་ཐང་ས་ཁག་རྣམས་ལ་རྒྱ་གར་གཞུང་ངོས་ནས་བཀའ་འཁྲོལ་ཐོབ་པའི་ལས་གཞི་ལག་བསྟར་གནང་གི་ཡོད་སྐོར་སྤྱི་ཁྱབ་བློན་ཆེན་མཆོག་ལ་སྙན་སེང་ཞུས་འདུག ཕྱི་ཚེས་ ༢༨ ཉིན་ནང་སྲིད་བཀའ་བློན་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་སྐུ་ཞབས་ནིར་མལ་ཀུ་མར་སིངྒ་ Nirmal Kumar Singh མཆོག་གི་བཞུགས་གནས་སུ་ཆེད་ཕེབས་ཀྱི་མཇལ་འཕྲད་དང་སྦྲགས།
བཀའ་བློན་མཆོག་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས། ༢༠༡༤ ཞེས་པ་དེ་ཉིད་ལག་བསྟར་གནང་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག
ཐེངས་འདིར་ནང་སྲིད་བཀའ་བློན་མཆོག་དང་ལྷན་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་དང་། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཚེ་བརྟན་དབང་ཕྱུག་ལགས། ནང་སྲིད་དྲུང་ལས་དངོས་གྲུབ་འོད་ཟེར་བཅས་ལྷན་བཅར་ཞུས་ཡོད་པ་བཅས། །