༢༠༡༦ ཟླ་ ༤ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །འདི་གར་ཕྱི་དྲི་རྒྱ་ཡིག་ཚན་པའི་འགན་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཐེ་ཝན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༢ ཉིན་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་ཕུའུ་ཅུན་ཧེ་ཡོའོ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཐེངས་དང་པོ་དེ་བསྐོང་ཚོགས་གནང་ཡོད་པ་དང་། ཐེངས་འདིར་ཚོགས་ཞུགས་གནང་མཁན་ཁོངས་ཨ་རི་དང་། ཨོ་སི་ཊོ་ལི་ཡ། ཡུ་རོབ། ནིའུ་ཛི་ལན་ཌི། ཨི་སི་རལ། སི་པན། རྒྱ་གར། ཧོང་ཀོང་། ཐེ་ཝན་སོགས་ཡུལ་གྲུ་འདྲ་མིན་ནས་བོད་རྒྱའི་མི་རིགས་ཁྱོན་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་མཉམ་འཛོམས་གནང་ཡོད།
དེ་ཡང་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་མར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་རྒྱའི་འབྲེལ་ལམ་གྱི་བརྒྱུད་རིམ་དང་། ཕྱི་ལོ་ ༡༩༨༩ ལོ་ནས་ད་བར་ཕྱི་སྡོད་རྒྱ་མི་རིགས་མཉམ་འབྲེལ་ལམ་བྱས་པ་བརྒྱུད། རྒྱ་མི་རིགས་ཚོས་བོད་མིའི་གནས་སྟངས་གང་ཙམ་ཤེས་རྟོགས་བྱུང་ཐུབ་ཡོད་པ་མ་ཟད། ཕན་ཚུན་མཐུན་མོང་གི་གཞི་རྟེན་འཚོལ་བཞིན་ཡོད་སྐོར་དང་། ལྷག་དོན་༸གོང་ས་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་སྟེ་གཉིས་ཕན་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་འགྱུར་བ་མེད་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་བརྙན་འཕྲིན་བརྒྱུད་༸གོང་ས་མཆོག་གིས་ཐེངས་འདིའི་ཚོགས་ཆེན་ཐོག་སྩལ་བའི་གལ་ཆེའི་བཀའ་སློབ་གཟིགས་འབུལ་ཞུས་པར་ཚོགས་ཞུགས་ཡོངས་ནས་གུས་བཀུར་དང་། མོས་མཐུན་རྒྱབ་སྐྱོར་གྱི་རྣམ་པའི་ཐོག་ནས་དགའ་སྤྲོའི་ཐལ་མོ་ཤུགས་ཆེ་བརྡབས། གལ་ཆེའི་སྐུ་མགྲོན་ཁོངས་སུ་ཐེ་ཝན་གྲོས་ཚོགས་འཐུས་མི་དང་གཞས་པ་སྐད་གྲགས་ཅན་སྐུ་ཞབས་ལིན་གྲང་ཛའོ་ལགས་དང་། གདོད་མའི་མི་རིགས་གྲོས་ཚོགས་མི་ལྕམ་གུ་ལཱ་སི་ལགས། གྲོས་ཚོགས་འཐུས་མི་ལྕམ་གཡུས་མེ་ཉུལ་ལགས། ཐེ་པེ་གྲོང་ཁྱེར་ཡུལ་སྐོར་ལྷན་ཁང་སྤྱི་ཁྱབ་འགན་འཛིན་ལྕམ་ཇན་ཡུས་ཨན་ལགས། གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་གྲན་ཇེ་རུའུ་ལགས། ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གི་འགན་འཛིན་ལྕམ་ཡཱང་ཧོང་མེ་ཤིན་ལགས་བཅས་ཀྱིས་རིམ་པས་བོད་དོན་སྐོར་གསུང་བཤད་གནང་བ་མ་ཟད། ཐེངས་འདིའི་ཚོགས་འདུའི་གཞོགས་འདེགས་སྡེ་ཚན་ཁག་ལྔའི་འགན་འཛིན་རྣམ་པས་ཀྱང་རིམ་བཞིན་གསུང་བཤད་གནང་།
ཚོགས་འདུ་ཉིན་དང་པོར་མཁས་དབང་ཁག་གི་གསུང་བཤད་ཚོགས་ཐེངས་ཁག་བཞི་ཡོད་ཅིང་། ཚོགས་ཐེངས་དང་པོར་ཨ་རི་ནས་ཕེབས་པའི་རྒྱ་ནག་མང་གཙོ་དོན་གཉེར་བ་སྐུ་ཞབས་ཡཱང་ཅན་ལིའི་ལགས་དང་། སྐུ་ཞབས་ཤོལ་ཝེ་ལགས། དེ་བཞིན་ཨོ་སི་ཊོ་ལི་ཡ་ནས་ཕེབས་པའི་སྐུ་ཞབས་ཕན་ཆིང་ལགས་བཅས་ཀྱིས་བོད་ནང་གི་ད་ལྟའི་གནས་བབས་དང་བོད་མིའི་རང་ལུས་མེར་སྲེག མ་འོངས་པར་རྒྱ་དམར་སྲིད་གཞུང་གི་འགྱུར་བགྲོད། ཕྱི་སྡོད་བོད་རྒྱའི་འབྲེལ་ལམ་སོགས་ཀྱི་སྐོར་གསུང་བཤད་གནང་བ་དང་། ཚོགས་ཐེངས་གཉིས་པ་ཐེ་ཝན་ཆབ་སྲིད་སློབ་ཆེན་རྒྱལ་སྤྱིའི་སྡེ་ཚན་འགན་འཛིན་དགེ་ཆེ་ལི་ཡོའོ་ཐན་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། དགའ་ལྡན་ཕོ་བྲང་ཡིག་ཚང་དྲུང་ཆེ་ཚེ་རྒྱམ་ལགས་བཅས་ནས་རྡ་རམ་ས་ལའི་སྤྱི་ཚོགས་དང་། བོད་ཀྱི་འཁོར་ཡུག་གནས་སྟངས། ༸གོང་ས་མཆོག་གི་དགོངས་གཞི་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་།
ཚོགས་ཐེངས་གསུམ་པ་ཨི་སི་རལ་དུ་གནས་བཞུགས་ལྕམ་ཐང་ཏན་ཧུང་ལགས་དང་། ཐེ་ཝན་ཀྲུང་ཤིན་སློབ་ཆེན་རྒྱལ་སྤྱིའི་ཆབ་སྲིད་སྡེ་ཚན་འགན་འཛིན་དགེ་ཆེ་གྲན་མུའུ་མིན་ལགས། བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་གཙོ་བོ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་གསུང་བཤད་གནང་། ཚོགས་ཐེངས་བཞི་པ་ཨ་རིར་གནས་སྡོད་ཆབ་སྲིད་དཔྱད་གླེང་པ་སྐུ་ཞབས་གྲན་ཕོ་ཁུང་ལགས་དང་། རྒྱ་ནག་གི་ཁྲིམས་རྩོད་པ་སྐུ་ཞབས་ཐེང་པེའོ་ལགས། ཨོ་སི་ཊོ་ལི་ཡ་རྒྱ་རིགས་འབྲེལ་མཐུད་ཟུར་པ་ཟླ་སྒྲོན་ལགས་བཅས་ནས་པེ་ཅིང་སྲིད་གཞུང་གི་སྲིད་བྱུས་དང་། བོད་མིའི་ཆབ་སྲིད་བཙོན་པའི་མྱོང་ཚོར་སོགས་ཀྱི་སྐོར་གསུང་བཤད་གནང་།
ཐེངས་འདིའི་ཚོགས་འདུ་ནི་གཙོ་བོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་འགན་ཁུར་བཞེས་ཏེ་གོ་སྒྲིག་གནང་བ་ཞིག་དང་། དེ་བཞིན་ཕྱི་དྲིལ་རྒྱ་ཡིག་ཚན་པའི་ལོ་ལྔའི་ལས་འཆར་ཁོངས་ཀྱི་ལས་གཞི་གལ་ཆེ་བ་གཅིག་ཀྱང་ཡིན། ཚོགས་འདུའི་དབུ་འབྱེད་མཛད་སྒོ་དྲ་ལམ་བརྒྱུད་ཐད་གཏོང་གནང་ཐུབ་པ་བྱུང་ཡོད། རྒྱ་ནག་ནང་ནས་ཀྱང་དོ་སྣང་བྱེད་མཁན་གང་ཙམ་བྱུང་ཡོད་པ་བཅས། །