ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །མཚུངས་མེད་དབུས་ལས་ཁུངས་ཁག་གི་དྲུང་ཆེ་དང་འགན་འཛིན་རྣམ་པ། སྐུ་ཚབ་དོན་གཅོད་རྣམ་པ། ས་གནས་འགོ་འཛིན་རྣམ་པ་བཅས་ཀྱི་སྙན་ལམ་དུ།
ཆེད་ཞུ། ཉེ་ཆར་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་ཐུན་མོང་ནས་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་། སྨན་བཙུན་བཀྲ་ཤིས་ཚེ་རིང་མ་གཉིས་དམིགས་བསལ་སྐུ་གསོལ་སྤྱན་འདྲེན་ཞུས་འབྲས། བོད་མིའི་སྤྱི་མཐུན་བསོད་ནམས་གསོག་བསྐྱེད་དང་། ༸རྒྱལ་བའི་སྐུ་ཕྱྭའི་སླད་ཞབས་རིམ་ཁག་གཅིག་སྨིན་སྒྲུབ་ཞུ་དགོས་ཕེབས་ཁོངས། བོད་མི་མི་རེ་ངོ་རེ་ནས་མ་ཎི་ཡིག་དྲུག་གྲངས་འབུམ་ཕྲག་གཉིས་རེ་དང། བཟང་སྤྱོད་སྨོན་ལམ་གང་མང་༼སྤྱི་ཡོངས་ནས་འབུམ་ཐེར་གཉིས།༽ བཅས་འབད་སྒྲུབ་གནང་དགོས་འདུག་ན། སོ་སོའི་ཁྱབ་ཁོངས་དང་བཅས་པར་གསལ་བསྒྲགས་ནན་འདྲོངས་ཐོག་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༠ ནང་ཚུད་འདི་ག་ཆོས་རིག་ལས་ཁུངས་སུ་སྒྲུབ་ཐོ་ཁ་གསལ་ངེས་གནང་ཡོང་བ་དེ་དོན་དགོངས་འཇགས་ཞུ། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༧ ལ་ཕུལ།།