༢༠༡༦ ཟླ་ ༤ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༤ པའི་ཚེས་ ༦ ནས་ ༡༧ བར་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་རྩོད་པའི་ཆོས་ཐོག་ཆེན་མོ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་གསར་འཛུགས་གནང་ཡོད་པ་དང་། ཆོས་ཐོག་དེར་གདན་ས་གསུམ་གྲྭ་ཚང་ཆེན་པོ་དྲུག་ནས་དགེ་བཤེས་ ༢༥ རེ་དང་། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་དང་། རྭ་སྟོད། རྣམ་རྒྱལ་གྲྭ་ཚང་བཅས་ནས་དགེ་བཤེས་གསུམ་བཞི་རེ་དང་བཅས་མཉམ་ཞུགས་གནང་ཡོད་ལ། ཕྱི་ཚེས་ ༥ ཉིན་དགའ་ལྡན་ཁྲི་རིན་པོ་ཆེ་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་སེ་ར་བྱེས་སྨད་ཀྱི་དགེ་འདུན་འདུས་མང་ཡོངས་ནས་ཕེབས་བསུའི་སེར་སྦྲེང་རྒྱ་ཆེན་གནང་བ་དང་།
ཕྱི་ཚེས་ ༦ ཉིན་ཆུ་ཚོད་༩ པའི་ཐོག་སྐུ་མགྲོན་གཙོ་བོ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དབུས་པས་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་དབུ་ཆོས་རྣམ་པ་དང་། ས་གནས་གནད་ཡོད་སྐུ་མགྲོན་རྣམ་པ་བཅས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་མགོན་དུ་གདན་ཞུས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་། ཆུ་ཚོད་ ༩།༡༥ ཐོག་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་ཡེ་ཤེས་ཕུན་ཚོགས་ལགས་ནས་མཛད་རིམ་ངོ་སྤྲོད་གནང་།
དེ་རྗེས་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ཚོགས་ཆུང་ངོ་སྤྲོད་དང་། འདས་པའི་བཀའ་དྲིན་རྗེས་དྲན་གྱི་དུས་ཚོད་ནང་ས་གནས་གང་དུ་མཛད་རིམ་ཇི་འདྲ་སྤེལ་ཡོད་མེད་སྐོར་དང་། གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་གི་གལ་གནད་དང་འབྲེལ་མདོ་སྔགས་བཤད་སྒྲུབ་གལ་ཆེའི་སྐོར་དང་། ལྷག་པར་དུ་རྗེ་རིན་པོ་ཆེའི་མཛད་རྣམ་ནང་ལྟ་བའི་སྐོར་ལ་སྐུ་ངལ་བསྐྱོན་ནས་ཡོངས་གྲགས་ལེགས་བཤད་ཆེན་པོ་ལྔ་མཛད་སྐོར་དང་། དེ་བཞིན་གསང་སྔགས་ཀྱི་སྐོར་ལ་ཡང་དེ་བཞིན་གནང་བར་མ་ཟད། དཔལ་གསང་བ་འདུས་པའི་རྩ་རྒྱུད་ལ་ས་བཅད་དང་། འགྲེལ་བ་ལ་མཆན་འགྲེལ། མཐའ་དཔྱོད་སོགས་མཛད་པ་དང་། རིམ་ལྔ་གསལ་སྒྲོན་དང་རིམ་ལྔ་གདན་རྫོགས་སོགས་དཔལ་གསང་བ་འདུས་པའི་སྐོར་ལ་ཡིག་འཇོག་གཞན་དང་མི་འདྲ་བ་མཛད་དེ། རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་རིམ་པ་མཛད་གནང་བ་དེ་ཚོའི་ཚིག་དོན་གཉིས་ཀར་བདག་པོ་བརྒྱག་རྒྱུ་དེ་གདན་ས་གསུམ་རྒྱུད་གྲྭ་སྟོད་སྨད་དང་བཅས་པར་འགན་དུ་མ་འཁྲི་ན་སུར་འཁྲི་དགོས་པ་ལྟ་བུའི་ཐོག་ནས་ད་རེས་ཆོས་ཐོག་འདི་དོན་དང་ལྡན་པ་ཞིག་ཡོང་ཐབས་གནང་དགོས་སྐོར་སོགས་ངོ་སྤྲོད་ཞུས་མཚམས།
ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་ནས། དཀོན་མཆོག་རྗེས་དྲན་དང་། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གང་ཡིན་ནའང་དེ་ཚོ་སོ་སོ་རང་ཉིད་ཀྱི་ཆེད་དུ་ཡིན་པ་ལས། རྗེས་དྲན་ཞུ་ཡུལ་དེའི་ཆེད་དུ་མིན་སྐོར་དང་། ད་རེས་དགེ་ལུགས་པའི་ངོས་ནས་༸རྒྱལ་བ་རིན་པོ་ཆེའི་འཕྲལ་ཕུགས་རྒྱང་གསུམ་གྱི་དགོངས་གཞི་གཞིར་བཞག་ལོ་གཅིག་འཁོར་མོར་བཀའ་དྲིན་རྗེས་དྲན་གྱི་མཛད་རིམ་གཟེངས་སུ་ཐོན་པ་སྤེལ་བ་ཁག་གཞི་རྒྱ་ཆེན་པོ་དང་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ། མཉམ་ཞུགས་གནང་མཁན་ཚོ་ཡིན་ནའང་ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་ཆུང་བ། ཞེས་པ་ལྟར་དགོས་གལ་ཆེ་སྐོར་དང་།
སེར་བྱེས་མཁན་རིན་པོ་ཆེ་བློ་བཟང་བདེ་ལེགས་མཆོག་ནས། གྲ་སྒྲིག་ཚོགས་ཆུང་ནས་བཀའ་དྲིན་རྗེས་དྲན་གྱི་མཛད་རིམ་མང་པོ་བསྒྲིགས་ཤིང་ལག་བསྟར་གནང་བ་དེ་ཚོ་ཧ་ལས་པའི་ཡག་པོ་བྱུང་བ་དང་། ཆོས་ཐོག་འདི་འདྲ་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་དང་། གསང་འདུས་རྩ་རྒྱུད་ཁ་ཏོན་དུ་བྱས་པ་ཙམ་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་ན། དོན་དག་ལ་བགྲོ་གླེང་བྱས་པ་དེ་དགོས་པ་དམིགས་ཡུལ་དང་དུས་ཚོད་གང་གི་ཆ་ནས་བསམ་བློ་བཏང་བ་ཡིན་ནའང་སྐལ་བ་བཟང་པོ་ཡིན་སྐོར་དང་། དགེ་བཤེས་རྣམ་པ་ཚོའི་ངོས་ནས་ལོ་ངོ་ཉི་ཤུ་སུམ་ཅུ་ལ་དཀའ་ལས་བརྒྱབ་པའི་ཡོན་ཏན་དེ་མི་ལ་བཀྲམ་དགོས་པ་དེ་གལ་ཆེན་ཡིན་སྐོར་དང་།
སེར་སྨད་མཁན་རིན་པོ་ཆེ་ངག་དབང་འབྱོར་ལྡན་མཆོག་ནས། ༸གོང་ས་མཆོག་གིས་དགུང་གྲངས་ ༡༦ ཙམ་ནས་སྐུ་ངལ་བསྐྱོན་ནས་དགུང་ལོ་བརྒྱད་ཅུ་བརྒལ་བའི་བར་དུ་བོད་བསྟན་སྲིད་ཆེད་སྤྱི་དང་། རི་བོ་དགེ་ལུགས་པ་ལ་མཚོན་ན་བཀའ་དྲིན་ཤིན་ཏུ་ཆེ་བ་དང་། ཁོང་གི་བཀའ་དྲིན་རྗེས་སུ་དྲན་རྒྱུ་དེ་ཚང་མ་ལ་འགན་ཡོད་པ་དང་། ཉིན་གྲངས་བཅུ་ལྷག་ཙམ་ལ་རྩོད་པའི་ཆོས་ཐོག་གི་སྒྲིག་ཡག་པོ་ཁུར་དགོས་སྐོར་དང་།
དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་སྤྲུལ་སྐུ་བློ་བཟང་དམ་ཆོས་མཆོག་ནས། ད་ལྟའི་བར་དུ་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ངོས་ནས་བགྲོ་གླེང་དང་ཆོས་ཐོག་གཞི་རྒྱ་ཆེན་པོ་དང་། གྲུབ་འབྲས་མངོན་གསལ་ཆེན་པོ་མང་དག་ཅིག་སྤེལ་དང་སྤེལ་བཞིན་པར་ལེགས་གསོལ་བསྔགས་བརྗོད་དང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བསྐྱེད་སྨོན་ལམ་རླབས་པོ་ཆེའི་མཐུ་ལ་བརྟེན་ནས་དཔལ་ནཱ་ལེནྡྲའི་བཞེད་སྲོལ་དྲི་མ་མེད་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་ཆེད། སྦག་ས་ཆོས་སྒར་གསར་འཛུགས་བསྐྱངས་ཤིང་དེ་དུས་དགེ་བའི་བཤེས་གཉེན་མང་པོས་དཔེ་ཁྲིད་ཐད་སྐུ་ངལ་བསྐྱོན་སྐོར་དང་། ད་ལྟའི་ཆར་ཁོང་གི་བཀའ་དྲིན་ལས་རིས་སུ་མ་ཆད་པའི་བསྟན་པ་དེ་འཛིན་སྡེ་དང་བཅས་པ་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པ་དང་། སྔགས་ཀྱི་ཆོ་ག་ཕྱག་ལེན་ཡོད་སར་མཚན་ཉིད་གསར་འཛུགས་དང་།
ཁོང་གི་རླབས་ཆེ་བའི་དགོངས་གཞི་དང་ལམ་སྟོན་ལས་རིང་མིན་དགེ་བཤེས་མ་ཐོན་ལ་ཉེ་བ་དང་། ངེས་པར་དུ་འགྱུར་བ་གཏོང་དགོས་ཁག་དུས་བསྟུན་ལེགས་བཅོས་དང་གསར་གཏོད་དགོས་པ་དང་། འདུལ་མཛོད་ལོ་ལྔ་དྲུག་རེར་སྦྱངས་དང་སྦྱོང་བཞིན་པའི་དུས་ཚོད་མང་དྲགས་ཡོད་མེད་བསྐྱར་ཞིབ་དགོས་མིན་བབ་གཟིགས་གནང་དགོས་པ་དང་། མངོན་རྟོགས་རྒྱན་ལ་གཟིགས་སྐབས་བྱམས་ཆོས་སྡེ་ལྔ་དང་། བཀའ་གདམས་གཞུང་དྲུག་སོགས་ལ་རྒྱུས་ཡོད་བཟོ་དགོས་པ་དང་། དྲང་ངེས་ལེགས་བཤད་སྙིང་པོར་ལྟ་སྐབས་དེ་འབྲེལ་ལྷག་མཐོང་ཆེན་མོ་དང་། དབུ་མར་ལྟ་སྐབས་རིགས་ཚོགས་དྲུག་དང་བཞི་བརྒྱ་པ། དབུ་མ་རྒྱན་སོགས་ལ་གཟིགས་དགོས་པ་དང་། གང་ཤེས་རྒྱུད་ཐོག་ལ་སྦྱོར་གལ་ཆེ་བ་དང་། ཚན་རིག་པ་དང་མཉམ་དུ་འགྲོ་དགོས་པ་དང་། ༸གོང་ས་མཆོག་ནས་དགུང་གྲངས་ ༨༠ བརྒལ་བའི་བར་དུ་གང་གནང་བ་དེ་མི་མང་ཚོས་བྱེད་དགོས་པ་དང་། བྱེད་ཐུབ་པ་ཉེ་ལམ་བཀའ་གནང་ཡོད་སྐོར་དང་། མ་འོངས་པར་ཕྱིའི་དངོས་ཁམས་ལས་ནང་སེམས་ཁམས་རིག་པར་དོ་སྣང་གསར་བ་ཡོང་གི་ཡོད་སྐོར་དང་། དེ་ལ་ནང་པའི་གཞུང་ལས་བྱུང་བའི་ལྟ་གྲུབ་དང་། ཚན་རིག ཉམས་ལེན་བཅས་སྐད་ཡིག་གཞན་གྱི་སྟེང་ནས་བཤད་ནུས་པའི་རིས་སུ་མ་མཆིས་པའི་མཁས་པ་བསྐྱེད་བསྲིངས་དགོས་སྐོར་སོགས་ཀྱི་ཆེད་རིང་མིན་ཕྱི་ཟླ་ ༦ པའི་ནང་ཚོགས་འདུ་རྒྱས་འཛོམས་ཤིག་ཚོགས་རྒྱུ་ཡིན་པ་དང་།
སྐབས་དེར་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཀྱང་མཉམ་ཞུགས་ཀྱིས་གྲོས་གཞི་འདོན་འཆར་ཡིན་གནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་བླང་དོར་བཀའ་སློབ་དང་། སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས། སངས་རྒྱས་ཀྱི་བསྟན་པ་གནས་དང་མ་གནས་དེ་དགེ་འདུན་གྱི་སྡེ་ལ་རག་ལས་པ་དང་། དེ་ཡང་དགེ་འདུན་ཐུགས་མཐུན་ཁྲིམས་གཙང་དགོས་གལ་ཆེ་སྐོར་དང་། དཔལ་ནཱ་ལེནྡྲའི་མདོ་སྔགས་ཀྱི་བསྟན་པ་དྲི་མ་མེད་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་མཚན་ཉིད་ཀྱི་བཤད་གྲྭ་ཁག་ལ་འགན་དུ་འཁྲི་སྐོར་དང་། དེ་ཡང་ཐོས་པ་ཐོས་རྐྱང་དུ་མ་སོང་བར་བཤད་སྒྲུབ་ཟུང་དུ་འབྲེལ་དགོས་པ་དང་། འཛམ་གླིང་ནང་ཞི་བདེ་ཡོང་དང་མ་ཡོང་དེ་༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེའི་སྐུ་ཚེའི་ཞབས་པད་བརྟན་མིན་ལ་རག་ལས་སྐོར་ཁྲི་བྱང་རིན་པོ་ཆེས་བཀའ་གནང་མྱོང་སྐོར་དང་།
མཇུག་ཏུ་བཀའ་དྲིན་རྗེས་དྲན་གྱི་ཚོགས་མི་དགེ་བཤེས་ཡེ་ཤེས་ཕུན་ཚོགས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། སྐུ་པར་མཉམ་བསྒྲོན་དང་། གྲ་སྒྲིག་ཚོགས་ཆུང་ནས་སྐུ་མགྲོན་དང་ཚོགས་བཅར་བ་ཡོངས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ཏེ། དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་རེད། ཉིན་རྒྱབ་ནས་བཟུང་ཉིན་ལྟར་འཆར་ཅན་སྔ་དྲོ་ཆུ་ཚོད་ ༩ པ་ནས་བཅུ་གཅིག་བར་དུ་གྲྭ་ཚང་སོ་སོའི་མཁན་པོ་དང་མཁན་ཚབ་རེ་རེས་གཙོ་སྐྱོང་འོག་གྲྭ་ཚང་རེའི་དགེ་བཤེས་གསུམ་རེ་ནས་དཔལ་གསང་བ་འདུས་པའི་གཞུང་གི་བརྗོད་གཞི་མི་འདྲ་བ་གསུམ་གྱི་ཐོག་གསུང་བཤད་ཆུ་ཚོད་ཕྱེད་ཀ་ལྷག་དང་། དེ་ནས་ཚོགས་བཅར་བ་དགེ་བཤེས་རྣམ་པ་ཚོས་དྲི་བ་དྲིས་ལན་དང་། དགོངས་འཆར་གནང་བ་བཅས་ཆུ་ཚོད་གཉིས་དང་། ཉིན་རྒྱབ་གྲྭ་ཚང་ཁོངས་སོ་སོས་མཉམ་དུ་ལབ་ལབ་དང་། དགོང་དྲོ་ཆུ་ཚོད་ ༦ པ་ནས་ ༧།༡༥ བར་གྲྭ་ཚང་སོ་སོས་དམ་བཅའ་དང་། དེ་ནས་རྩོད་ཟླ་ཆུ་ཚོད་ཕྱེད་ཀ་ལྷག་གནང་སྟེ་དཔལ་གསང་བ་འདུས་པའི་རྩ་རྒྱུད་དང་། འགྲེལ་བ་བཞི་སྦྲགས། འབྲེལ་ཡོད་རྒྱ་བོད་ཀྱི་ཡིག་ཆ་ཁག་དང་། རྒྱུད་གྲྭ་སྟོད་སྨད་ཀྱི་ཌིཀ་གཉིས་སོགས་ཀྱི་ཐོག་ཐོས་བསམ་གནང་བཞིན་ཡོད་པ་འདི་ནི། ལོ་རྒྱུས་ཐོག་གདན་ས་གསུམ་གྱི་དགེ་བཤེས་མཉམ་འཛོམས་ཀྱིས་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཐོག་བགྲོ་གླེང་དང་རྩོད་པ་ཟུང་འབྲེལ་གྱི་ཆོས་ཐོག་ཚུགས་པ་ཐེངས་དང་པོ་ཡིན་པ་རེད། རིང་མིན་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ངོས་ནས་སློབ་གྲྭ་ཁག་ཏུ་ནང་ཆོས་དང་། ནང་ཆོས་ཀྱི་མཚམས་ལས་འདས་པའི་ཡ་རབས་བཟང་སྤྱོད་སྐོར་གོ་རྟོགས་སྤེལ་འཆར་ཡོད་པ་བཅས།།