༢༠༡༦ ཟླ་ ༤ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ཡོངས་སྒྱུ་རྩལ་དང་ཕུལ་བྱུང་ལག་ཤེས་བསྟི་གནས་ཁང་ All India Fine Arts & Crafts Society དུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་རྒྱ་གར་གྲོས་ཚོགས་ཁང་གི་ཉེ་འགྲམ་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད། དེ་ཡང་གདན་ཞུ་གོ་སྒྲིག་གནང་མཁན་བོད་ཀྱི་གྲོགས་པོ་དང་གསར་འགོད་པ། དེ་བཞིན་པར་པ་སྐུ་ཞབས་ཝི་ཇ་ཡཱ་ཀྲནྟི་ Vijay Karanti ལགས་ཡིན་འདུག་པ་དང་། སྐབས་དེར། ཏཱ་ལའི་བླ་མ་མཆོག་བཀའ་དྲིན་ཆེ། ‘Thank You Dalai Lama’ ཞེས་མཚན་བྱང་དུ་འཁོད་པའི་པར་རིགས་འགྲེམས་སྟོན་ཁག་གཅིག་༸གོང་ས་མཆོག་ལ་སྤྱན་བསྟར་ཞུ་སྐབས། མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་པར་རིགས་རྣམས་ལ་ཐུགས་ཞིབ་མཛད་པ་དང་སྦྲགས། པར་རིགས་ཁག་གཅིག་ལོ་ཡུན་གང་ཙམ་སོང་བ་རྣམས་ཀྱི་སྐོར་ལ་གླེང་མོལ་ཡང་མཛད་ཡོད། དེ་ཡང་སྐུ་ཞབས་ཝི་ཇ་ཡཱ་ཀྲནྟི་ལགས་ཀྱིས་པར་རིགས་འགྲེམས་སྟོན་སྐོར་འགྲེལ་བརྗོད་གནང་དོན། རྒྱ་གར་པར་པ་ཞིག་གིས་ངོས་ནས་བརྗོད་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མཛད་རྗེས་དང་བཙན་བྱོལ་བོད་མི། དེ་བཞིན་རྒྱ་གར་གཞུང་མང་བཅས་ལ་སྒྱུ་རྩལ་གྱི་ལམ་ནས་གུས་བརྩི་ཞུས་པ་ཞིག་ཡིན། ཞེས་གསུངས། སྤྱིར་འགྲེམས་སྟོན་སྐབས་གནས་ཆུང་དང་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཅས་ཀྱིས་དཀར་རྒྱན་གྱི་བཀོད་པ་དང་སྤྱན་རས་གཟིགས་ཀྱི་རྡུལ་ཚོན་དཀྱིལ་འཁོར་བཅས་བཤམས་ཡོད་པ་མ་ཟད། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་སྐུ་ཐང་ཁག་དང་ལྷ་བྲིས་པ་ཚོས་སྐུ་ཐང་འབྲི་རྒྱུའི་ལག་སྩལ་སོགས་སྤྱན་འབུལ་ཡང་ཞུས་འདུག