༢༠༡༦ ཟླ་ ༤ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་་༢༩ རེས་གཟའ་པ་སངས་ཉིན་བཞུགས་སྒར་ཕོ་བྲང་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་རིག་པ་དང་དེང་དུས་ཚན་རིག ཅེས་པའི་བརྗོད་གཞིའི་ཐོག་ཉིན་གཅིག་གི་མཁས་པའི་བགྲོ་གླེང་ཚོགས་ཡོད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཐོག་དབུ་འཛུགས་མཛད་པའི་གནའ་དེང་ལེགས་བཤད་དབར་གྱི་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་ཞུ་མཁན་དཔའ་ལྡན་དགའ་ལྡན་ཕོ་བྲང་གི་ཡིག་ཚང་ཡིན་ཞིང་། བགྲོ་གླེང་ལྷན་ཚོགས་སྐབས་རྒྱ་གར་གྱི་ཨང་རྩིས་མཁས་པ་སྐུ་ཞབས་སི་ཀེ་ར་ཇུ་ C.K. Raju ལགས་དང་། ཨི་ཊ་ལིའི་ Italy རྫས་སྦྱོར་རིག་པའི་མཁས་དབང་སྐུ་ཞབས་པེར་ལུ་ཇི་ལུ་སི་ Pierluigi Luisi ལགས། འཇིག་རྟེན་ཁམས་དང་ཁོར་ཡུག་རིག་པའི་ཐོག་མཁས་དབང་སྐུ་ཞབས་ཀོམ་ Come Carpentier de Gourdon ལགས། རྒྱ་གར་གྲོང་ཁྱེར་མུམ་བྷེ་ནང་རྟེན་གཞི་བྱས་པའི་འཕྲུལ་རིགས་ལྟེ་གནས་ཁང་གི་སློབ་དཔོན་སྐུ་ཞབས་ཀེ་རཱ་མ་ནཱ་སུ་བྲ་མན་ཡམ་སྭ་མི་ K. Ramasubramaniam ལགས་བཅས་ལྷན་འཛོམས་ཀྱིས་ཉིན་གཅིག་གི་མཁས་པའི་བགྲོ་གླེང་གཟབ་རྒྱས་ངང་བསྐོང་ཚོགས་མཛད་པ་མ་ཟད། ཏཱ་ལའི་བླ་མའི་དྲ་རྒྱའི་ཐོག་བརྙན་འཕྲིན་གྱི་ལམ་ནས་ཐད་ཀར་རྒྱང་བསྲིང་ཡང་ཞུས་འདུག །