༢༠༡༦ ཟླ་ ༤ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ཤེ་ར་ཊོན་གསོལ་མགྲོན་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་དང་བོད་གཉིས་ཐུན་མོང་གི་ལས་གཞིའི་འོག་སྔ་ལོའི་ལོ་མཇུག་ཏུ་ཤེས་ཡོན་ལམ་ལུགས་ནང་རིས་མེད་ཀྱི་བཟང་སྤྱོད། ‘Secular Ethics in Education’ ཅེས་པའི་བརྗོད་གཞི་རགས་ཟིན་དང་པོ་གཏན་འབེབས་དབུ་འབྱེད་གྲུབ་པ་དེའི་ཐོག་བགྲོ་གླེང་ལྷན་ཚོགས་ཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་གི་ཀོ་ཐ་རི་ཚན་རིག་དང་། བཟང་སྤྱོད། ཤེས་ཡོན་བསྟི་གནས་ཁང་གི་སློབ་དཔོན་ལྕམ་མི་ནག་ཤི་ཐ་པན་ Meenakshi Thapan མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཞུས་ཏེ་བགྲོ་གླེང་དབུ་འཛུགས་ཀྱིས་ཐོག་མར་ངོ་སྤྲོད་གསུང་བཤད་གནང་ཡོད། སྐབས་དེར་ཁོང་ནས་༸གོང་ས་མཆོག་གིས་བྱམས་བརྩེ་ནི་ཤེས་ཡོན་གྱི་སྙིང་པོ་ཡིན་སྐོར་བཀའ་སློབ་སྩལ་བ་རྣམས་དྲན་གསོ་ཞུས་པ་དང་སྦྲགས། དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་སློབ་གསོ་སྤེལ་རྒྱུའི་དགོངས་བཞེས་དེ་ནི་ཧ་ཅང་གལ་ཆེ་བ་མ་ཟད། ལྷག་པར་དུ་བཟང་སྤྱོད་གོང་སྤེལ་གཏོང་རྒྱུའི་ཐབས་ལམ་དེ་ཡང་ཆོས་ལུགས་བྱེ་བྲག་པ་ཞིག་ལ་གཞི་མ་བཅོལ་བར་རིས་མེད་ཀྱི་ངོ་བོའི་ཐོག་ནས་བཟང་སྤྱོད་སྤེལ་དགོས་པའི་ལམ་སྟོན་མཛད་པ་དེ་ནི་ངོ་མཚར་ལྡན་པ་ཞིག་དང་ཡིད་དབང་འཕྲོག་པོ་ཞིག་ཡོད་སྐོར་དང་། བཟང་སྤྱོད་སྤེལ་རྒྱུའི་ལས་གཞིར་དོ་སྣང་ཡོད་པའི་དགེ་རྒན་རྣམས་ཀྱིས་དྲན་ཤེས་དང་བཟོད་སྲན་གྱི་ཐབས་ལམ་གཉིས་ཀྱི་ཐོག་ནས་སློབ་ཕྲུག་ཚོར་ཚོད་ལྟ་བྱེད་དགོས་པའི་ལམ་སྟོན་ཞུས་པ་ལྟར་རྒན་ལགས་རྣམ་པས་སློབ་མ་ཚོར་དེ་མཚུངས་ཚོད་ལྟ་གནང་ཡོད་སྐོར་གསལ་བཤད་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ། དེ་རྗེས་བགྲོ་གླེང་མུ་མཐུད།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན། ཉིན་གུང་ཚོགས་ཐུན་དང་པོའི་ཐོག་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། བགྲོ་གླེང་འདིའི་ཕུགས་ཀྱི་དགོས་དོན་གཙོ་བོ་ནི་ཤེས་ཡོན་དང་གོ་རྟོགས་སྤེལ་བ་བརྒྱུད་ཞི་བདེ་ཆེ་ཙམ་ཡོད་པའི་འཛམ་གླིང་ཞིག་ཇི་ལྟར་བསྐྲུན་དགོས་པ་དེའི་ཐོག་བགྲོ་གླེང་གནང་རྒྱུ་རེད། ང་ཚོར་སེམས་ནང་ཞི་བདེ་དང་སྤྲོ་སྣང་དགོས། བསམ་བླའོ་འགྲོ་སྟངས་དེ་དག་ཤེས་ཡོན་གྱི་ངོ་བོར་བརྩི་ནས་ངོ་སྤྲོད་བྱེད་དགོས། ཞི་བདེ་ལྡན་པའི་འཛམ་གླིང་ཞིག་ཚང་མས་འདོད་ཀྱི་ཡོད། ཞི་བདེ་འཇོམས་མཁན་ནི་ཁོང་ཁྲོ་སོགས་ཞེ་སྡང་གི་བློས་ཞི་བདེ་མེད་པ་བཟོ་བཞིན་ཡོད། དེར་བརྟེན་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་ནི་མི་སྒེར་གྱི་བསམ་བློར་ཞི་བདེ་སྐྲུན་ནས་མཐར་བྱམས་བརྩེ་ལྡན་པའི་འགྲོ་བ་མིའི་ཁྱིམ་ཚང་ཞིག་བཟོ་ཐབས་བྱ་རྒྱུ་འདི་རེད། ད་ལྟའི་འཆར་སློབ་ཁྲིད་བྱ་རྒྱུའི་བརྗོད་གཞི་དེ་དག་རགས་ཟིན་ཙམ་རེད། དེར་གཞིར་བཞག་ནས་སློབ་གྲྭའི་ནང་ཚོད་ལྟ་གནང་དགོས། ཚོད་ལྟ་བྱས་པའི་གྲུབ་དོན་གང་བྱུང་བ་རྣམས་ལ་དོ་སྣང་བྱས་ནས་དགོས་གལ་བྱུང་ཚེ་ཚོད་ལྟའི་བརྗོད་གཞིར་གཏན་འབེབས་ཡང་གནང་འཐུས། གལ་ཏེ་ཚོད་ལྟ་ལམ་ལྷོང་བྱུང་བ་ཡིན་ན་གཞི་རྒྱ་ཆེ་ཙམ་སྤེལ་དགོས། གལ་ཏེ་འདི་ལྟ་བུའི་བགྲོ་གླེང་ལྷན་ཚོགས་མུ་མཐུད་ནས་ཚོགས་ནས་ཚོད་ལྟ་བྱས་པའི་གྲུབ་འབྲས་རྣམས་དགེ་རྒན་ཕན་ཚུན་བརྗེ་ལེན་གནང་ཐུབ་ཚེ་རིམ་བཞིན་ཡར་རྒྱས་ཀྱི་རྣམ་པ་ཡོང་ངེས་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
ཏཱ་ལའི་བླ་མ་ཀུན་ཕན་བདེ་རྩའི་ Foundation for Universal Responsibility འགན་འཛིན་སྐུ་ཞབས་ར་ཇིབ་མེ་རོ་ཏྲ་ Rajiv Mehrotra ལགས་ཀྱིས་ཕྱི་ནང་གཉིས་ཀར་ཞི་བདེ་སྐྲུན་ཐབས་མ་ཟད། འཚེ་མེད་ཞི་བ་དང་ཞི་མཐུན་མཉམ་གནས་ཇི་ལྟར་དགོས་པའི་ཐབས་ལམ་དང་འབྲེལ་བའི་ལས་གཞི་ལག་བསྟར་གནང་ཕྱོགས། དེ་བཞིན་བཟང་སྤྱོད་དང་ཤེས་ཡོན་སྐོར་འགྲེལ་བརྗོད་ཞུས། སྐབས་དེར་༸གོང་ས་མཆོག་གིས་ཀུན་ཕན་བདེ་རྩས་རྒྱ་གར་ས་གནས་གཞན་ཁག་དང་ཁྱིམ་མཚེས་རྒྱལ་ཁབ་སོགས་ནང་དུའང་ལས་གཞི་རྒྱ་སྐྱེད་ཇི་ལྟར་གཏོང་རྒྱུའི་ཐད་ཐུགས་ཞིབ་མཛད་འདོད་ཡོད་སྐོར་དང་། ཕྱག་རོགས་གནང་མཁན་ཚང་མས་ད་ཆ་སྔར་བས་ཤུགས་ཆེ་བ་རྒྱག་རྒྱུའི་ཛ་དྲག་གི་དུས་ལ་བབ་ཡོད་སྐོར་བཀའ་སློབ་སྩལ། དེ་རྗེས་ལྕམ་མི་ནག་ཤི་གོ་པི་ན་ཐ་ Dr Meenakshi Gopinath ལགས་ཀྱིས་སྤྱི་ཚོགས་ནང་རྩོད་རྙོག་འདུམ་འགྲིག་དང་བུད་མེད་བདེ་འཇགས་བསྐྲུན་རྒྱུའི་གཞུང་འབྲེལ་མིན་པའི་ཚོགས་པ་ Wiscomp ཞེས་པ་དེ་ངོ་སྤྲོད་ཞུས། སྤྱིར་ཚོགས་པ་དེས་རྒྱ་གར་དང་པ་ཀི་སི་ཐན་ཡུལ་གཉིས་དབར་གྱི་རྩོད་རྙོག་དང་ཀ་ཤི་མིར་ནང་རྙོག་གླེང་དང་འཁྲུག་རྩོད་དེ་དག་འདུམ་འགྲིག་ཡོང་སླད་ལས་འགུལ་སྣ་མང་སྤེལ་བ་རྣམས་གསལ་བཤད་ཞུས།
མཐར་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་གོང་སྤེལ་གྱི་སློབ་ཚན་རགས་ཟིན་གོ་སྒྲིག་ཞུ་སྐབས། བསླབ་གཞི་རྩ་འཛིན་ཞུ་ས་གཙོ་བོ་དེ་༸གོང་ས་མཆོག་གིས་མཛད་པའི་སྟོང་ལོ་གསར་པའི་བཟང་སྤྱོད་དང་། ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད། ཅེས་པའི་ཕྱག་དེབ་ནས་བཏུས་ཡོད་སྐོར་གསལ་བཤད་ཞུས། དེ་རྗེས་པྲི་ཡ་དར་ཤ་ནི་ལགས་ཀྱིས་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་ལས་གཞི་དེ་དག་ཀུན་གྱི་ཡིད་དབང་འཕྲོག་ཐུབ་པ་དང་། དངོས་ཡོད་གནས་ཚུལ་དང་རན་པ་ཞིག་དགོས། ཞེས་སྙན་སེང་ཞུས། དེ་ནས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དུས་རབས་ ༢༡ ནང་རིས་མེད་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་ལས་གཞིར་འགོག་རྐྱེན་ཇི་འདྲ་འཕྲད་སྲིད་པ་དང་དཀའ་ངལ་དེ་དག་ལ་གདོང་ལེན་གནང་ཕྱོགས་སྐོར་ལ་བསམ་བློ་གཏོང་དགོས་པ་མ་ཟད། ལྷན་ཚོགས་སྐབས་བཀའ་མོལ་ཤུགས་ཆེ་བ་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་ཐབས་ལམ་ཐོག་གནང་བ་མ་གཏོགས། དྲན་ཤེས་སོགས་ཤེས་རབ་ཀྱི་ཆ་དེ་དག་ཇི་ལྟར་གསལ་བར་འབྱེད་དགོས་པའི་སྐོར་ལ་དེ་ཙམ་བཀའ་མོལ་བྱུང་མེད་ཚུལ་གསུངས། སྐུ་ཞབས་ན་རེཤ་མ་ཐུར་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་པོན་ཌེ་ཅ་རིར་རྟེན་གཞི་བྱས་པའི་ཨ་རོ་བྷིན་དོ་བཞུགས་གནས་ཁང་དུ་ཡོད་པའི་ཁོང་གི་གྲོགས་པོ་ཞིག་གིས། བགྲོ་གླེང་གནང་བཞིན་པའི་བསླབ་གཞི་རྩ་འཛིན་གྱི་རགས་ཟིན་འདི་ཉིད་ཏོག་ཙམ་སྒྲིག་འཛུགས་དམ་བསྒྲགས་པའི་མཐོང་ཚུལ་བྱུང་བ་རྣམས་གསལ་བཤད་ཞུས།
ཕྱོགས་མཚུངས་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་ཕྱོགས་ཡོངས་ཀྱི་གནས་སྟངས་གཞི་ལ་བཞག་ནས་བསླབ་གཞི་རྩ་འཛིན་གཏན་འབེབས་དགོས་པའི་བསམ་ཚུལ་ཞུས།
མཐར་༸གོང་ས་མཆོག་གིས་ད་ལྟའི་ཆར་བསླབ་གཞི་རྩ་འཛིན་གྱི་རགས་ཟིན་ལ་གཞི་བཅོལ་ནས་སྔོན་ལ་ཚོད་ལྟ་ཞིག་བྱས་ནས་གྲུབ་འབྲས་ཇི་འདྲ་ཐོན་མིན་ལྟ་རྒྱུ་དེ་གལ་ཆེ་སྐོར་བཀའ་སློབ་སྩལ་བ་མ་ཟད། ལོ་རྗེས་མར་སླར་ཡང་བགྲོ་གླེང་ལྷན་ཚོགས་མཛད་རྒྱུའི་དགོངས་ཚུལ་བཀའ་སློབ་སྩལ་མ་ཐག ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་གི་ཀོ་ཐ་རི་ཚན་རིག་དང་། བཟང་སྤྱོད། ཤེས་ཡོན་བསྟི་གནས་ཁང་གི་སློབ་དཔོན་ལྕམ་མི་ནག་ཤི་ཐ་པན་ Meenakshi Thapan མཆོག་གིས་བར་བཞུགས་ཀྱིས་འབྱུང་འགྱུར་བདུན་ཕྲག་རྗེས་མའི་ནང་བགྲོ་གླེང་ཡང་ཡང་བྱུང་ཐུབ་ཚེ་ལས་འཆར་འདི་ཉིད་ལ་ནུས་ཤུགས་ཐེབ་ནས་མུ་མཐུད་རྒྱུན་སྐྱོང་ཐུབ་རྒྱུར་ཕན་ཕོགས་ཡོང་རྒྱུ་ཡིན་སྐོར་སྙན་སེང་ཞུས། མཐར་གོ་སྒྲིག་ཚོགས་ཆུང་གིས་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ནས་བགྲོ་གླེང་མཛད་སྒོ་རེ་ཞིག་གྲོལ་འདུག་པ་བཅས།།