༢༠༡༦ ཟླ་ ༤ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་སློབ་གྲྭས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་དགེ་ལས་སློབ་ཕྲུག་བཅས་ལ་བླང་དོར་བཀའ་སློབ་གཟབ་རྒྱས་སྩལ་ཡོད། དེ་ཉིན་སྔ་དྲོར་སྦི་སྦི་སི་ BBC ས་གནས་གསར་འགོད་པ་སྐུ་ཞབས་སན་ཇོ་ཡི་མ་ཇུམ་དར་ Sanjoy Majumder ལགས་ཀྱི་དྲི་བ་རྣམས་ལ་བཀའ་ལན་སྩལ། སྐབས་དེར་ཆོས་ཀྱི་མིང་འཁྱེར་ནས་འཚེ་བའི་བྱ་སྤྱོད་སྤེལ་མཁན་རྣམས་ང་ཚོས་ཕམ་ཉེས་ཇི་ལྟར་བཏང་ཐུབ་བམ། ཞེས་དྲི་བ་ཞུས་པར་༸གོང་ས་མཆོག་གིས་དཀའ་ངལ་དེ་དག་འཕྲལ་དུ་སེལ་ཆེད་ང་ཚོས་ཐབས་ལམ་བསྟེན་དགོས་ཀྱང་། ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་ཐབས་ལམ་ལག་བསྟར་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
གཞི་རྩའི་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན། འཁོན་ལན་སྤངས་དགོས་པའི་བསླབ་བྱ་སོགས་གནང་བཞིན་ཡོད་པ་གཅིག་མཚུངས་ཡིན། དེར་གཞི་བཅོལ་ནས་ཆོས་ལུགས་འདྲ་མིན་གྱི་རྗེས་འབྲང་པ་ནང་ཕན་ཚུན་འབྲེལ་ལམ་གོང་སྤེལ་གྱིས་སེམས་ཐག་ཉེ་པོ་བཟོ་དགོས། དེའི་ཐོག་ནས་ཆོས་ལུགས་ཕན་ཚུན་བསམ་ཤེས་ཐུབ་པ་བྱུང་ན་ཆོས་ལུགས་མཐུན་སྒྲིལ་རང་བཞིན་གྱི་ཡོང་རྒྱུ་རེད། ཅེས་བཀའ་ལན་སྩལ། དེ་རྗེས་དེང་སྐབས་བོད་དོན་རྒྱབ་སྐྱོར་ཤུགས་ཆུང་དུ་འགྲོ་བཞིན་ཡོད་མེད་སྐོར་གྱི་དྲི་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། སྤྱིར་འཐབ་རྩོད་ཀྱི་ལས་འགུལ་གསར་པར་མི་ཚོས་དོ་སྣང་མང་བ་བྱེད་རྒྱུ་རེད། འོན་ཀྱང་བོད་དོན་ཐོག་སེམས་ཚབས་ཆེན་པོས་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་མུ་མཐུད་གནས་པ་དང་དུས་མཚུངས་བོད་མིའི་སྙིང་སྟོབས་མུ་མཐུད་སྲ་བརྟན་དུ་གནས་ཡོད། དེང་སྐབས་རྒྱ་རིགས་ནང་པ་ཇེ་མང་དུ་འགྲོ་བཞིན་པའི་སྐབས་བོད་པའི་རིག་གཞུང་གི་རིན་ཐང་ལ་བརྩི་མཐོང་ཆེ་རུ་འགྲོ་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་བརྟེན་རྒྱ་རིགས་མང་ཚོགས་ཀྱིས་དངོས་ཡོད་གནས་ཚུལ་གང་ཡིན་ཤེས་རྟོགས་ཐུབ་ཀྱི་མེད། རྒྱ་ནག་མི་འབོར་དུང་ཕྱུར་ ༡༣ ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་མ་ཟད། དངོས་ཡོད་གནས་ཚུལ་དེར་གཞིགས་ནས་བདེན་རྫུན་གང་ཡིན་ཤན་འབྱེད་རྒྱུའི་རྣམ་དཔྱོད་ཀྱི་ཤེས་རབ་ཀྱང་ཡོད། མེ་མདའ་དང་བདེན་པའི་སྟོབས་ཤུགས་གཉིས་ལས་མཐའ་མ་བདེན་པ་རྒྱལ་རྒྱུ་ངེས་པ་རེད། ཅེས་བཀའ་ལན་མཛད།
དེ་རྗེས་སྐུའི་ཡང་སྲིད་སྐོར་གྱི་དྲི་བ་ཞུས་པར་གནད་དོན་དེ་བོད་རིགས་རྒྱ་ཆེ་མང་ཚོགས་ཀྱིས་ཐག་གཅོད་རྒྱུ་ཡིན་སྐོར་བཀའ་ལན་སྩལ་དོན། ངོས་རང་མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། སྤྲུལ་སྐུའི་ལམ་ལུགས་སོགས་ཆོས་ལུགས་དང་འབྲེལ་བའི་ལམ་ལུགས་མང་པོ་ཞིག་དེ་སྔ་སྤྱི་ཚོགས་རྙིང་པའི་ལམ་སྲོལ་ཡིན་སྟབས། ད་ཆ་དུས་ཚོད་ཡོལ་ཟིན་པ་རེད། དེར་བརྟེན་ད་ཆ་དངོས་ཡོད་གནས་ཚུལ་དང་བསྟུན་ནས་ང་ཚོས་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། བོད་བརྒྱུད་ནང་བསྟན་གྱི་འབྱུང་འགྱུར་གནས་སྟངས་དེ་ཏཱ་ལའི་བླ་མའི་སྒྲིག་འཛུགས་ལ་རག་ལས་པ་ཞིག་མ་རེད། དཔལ་ནཱ་ལེནྡྲ་ནས་དར་བའི་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཡོང་མིན་དེང་སྐབས་རྒྱ་གར་ལྷོ་ཕྱོགས་སུ་གཞུང་ལུགས་དེ་དག་ལ་འཆད་ཉན་གནང་བཞིན་པའི་གྲྭ་བཙུན་ ༡༠༠༠༠ ལྷག་ཡོད་པ་ཚོས་ཐག་གཅོད་གནང་རྒྱུ་རེད། ཅེས་བཀའ་ལན་སྩལ།།