༢༠༡༦ ཟླ་ ༤ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ཨེ་ཀོ་ཌོར་ Ecuador དང་ཉི་ཧོང་ Japan ནང་ས་ཡོམ་གྱི་གོད་ཆག་ཚབས་ཆེ་ཕོག་རྐྱེན་མི་གྲངས་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། དེ་བས་ཧ་ཅང་མང་བར་རྨས་སྐྱོན་དང་སྡོད་ཁང་དང་གཞུང་ལམ་སོགས་ཞིག་རལ་དུ་སོང་བར་བརྟེན་དེང་སྐབས་དཀའ་ངལ་ཧ་ཅང་འོག་གནས་བཞིན་པའི་དུས་སྐབས་འདིར་ཨེ་ཀོ་ཌོར་གྱི་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན་རྣམ་གཉིས་ལ་ཐུགས་གསོའི་གསུང་འཕྲིན་རེ་སྩལ་ཡོད།
དེ་ཡང་ཨེ་ཀོ་ཌོར་གྱི་སྲིད་འཛིན་སྐུ་ཞབས་ར་ཕེལ་ཀོ་རེ་ཡ་ Rafael Correa མཆོག་ལ་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་འཁོད་དོན།
འབྱུང་བའི་གོད་ཆག་ལ་བརྟེན་ནས་ཚེ་སྲོག་ཤོར་བ་རྣམས་ལ་ངོས་ཀྱིས་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་དང་། ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ཀྱིས་གཙོས་གོད་ཆག་ཕོག་མཁན་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས་སེམས་གསོ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག
ཕྱོགས་མཚུངས་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ཤིན་ཛོ་ཨ་བྷེ་ Shinzo Abe མཆོག་ལ་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་འཁོད་དོན།
ངོས་རང་འཆར་ཅན་ཤེས་རབ་སྙིང་པོ་འདོན་མཁན་གྱི་ནང་པའི་དགེ་སློང་ཞིག་ཡིན་པའི་ངོས་ནས་ཉི་ཧོང་ནང་པ་ཚོས་ད་ལྟའི་དུས་སྐབས་ཙམ་མ་ཟད། འབྱུང་འགྱུར་ཡང་ཤེས་རབ་སྙིང་པོ་མང་ཙམ་གདོན་རྒྱུ་གལ་ཆེན་པོར་མཐོང་བཞིན་འདུག དེ་བཏོན་པས་རྩ་ཆེའི་ཚེ་སྲོག་ཤོར་བ་རྣམས་ལ་ཕན་ཐོགས་ཡོད་པ་ཙམ་དུ་མ་ཟད། གོད་ཆག་དེ་རིགས་མི་ཡོང་ཆེད་མ་འོངས་སྔོན་འགོག་ལའང་ཕན་ཐོགས་ཡོད། ང་ཚོ་འདིར་རྡ་རམ་ས་ལར་ཀུན་སློང་དེ་འདྲ་ཞིག་གི་ཐོག་ནས་ཤེས་རབ་སྙིང་པོ་འབུམ་གཅིག་བགྲང་བཞིན་ཡོད། ཅེས་འཁོད་ཡོད། མཐར་༸གོང་ས་མཆོག་གིས་ཨེ་ཀོ་ཌོར་གྱི་ངལ་སེལ་རོགས་སྐྱོབ་ཆེད་ཏཱ་ལའི་བླ་མའི་ཐེབས་རྩ་དང་ཉི་ཧོང་ངལ་སེལ་རོགས་སྐྱོབས་ཆེད་སྐུ་ཚབ་དོན་ཁང་བརྒྱུད་ནས་ཞལ་འདེབས་གསོལ་སྩལ་མཛད་རྒྱུ་ཡིན་སྐོར་འཁོད་ཡོད་པ་བཅས།
གསུང་འཕྲིན་ངོ་མ་ཨིན་ཡིག་ནང་ཡོད་པ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།