༢༠༡༦ ཟླ་ ༤ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༧ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་བརྙན་འཕྲིན་གསར་འགྱུར་ཚན་པ་ཨེན་ཌི་ཊི་ཝི། NDTV ཞེས་པའི་ལས་རིམ་གཙོ་སྐྱོང་བ་ལྕམ་སྐུ་སོ་ནི་ཡ་སིངྒ་ Sonia Singh ལགས་ཀྱིས་དགོང་དྲོའི་གསར་འགྱུར་ལས་རིམ་གྱི་ཆེད་དོན་དྲི་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་མཛད་པ་རྣམས། འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཨིན་ཡིག་ནས་ཕབ་སྒྱུར་ཞུས་པ་གཤམ་གསལ།
༡) དྲི་བ། སྐུ་ཉིད་མཆོག་ང་ཚོའི་ལས་རིམ་ནང་ལྷན་ཞུགས་མཛད་པར་བཀའ་དྲིན་ཆེ། སྐུ་ཉིད་མཆོག་དགུང་གྲངས་ ༨༠ ཕེབས་ཡོད། འཛམ་གླིང་ཁྱོན་དུ་འཚེ་བའི་ལས་འགུལ་ཇི་སྙེད་སྤེལ་བཞིན་པ་དང་། འཇིགས་སྐུལ་དྲག་སྤྱོད་པ་ནི་ཐུན་མོང་གི་ཉེན་ཁར་ངོས་འཛིན་བྱེད་བཞིན་ཡོད། རྒྱ་གར་དང་པ་ཀི་སི་ཐན་གྱི་གྲོང་ཁྱེར་ལ་ཧོར་དང་། དེ་བཞིན་ཡུ་རོབ་ཀྱི་གྲོང་ཁྱེར་བྷར་སེལ་དང་ཨང་ཀ་ར་བཅས་ཀྱི་ཡུལ་མི་རྣམས་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་འོག་དཀའ་སྡུག་གཅིག་མཚུངས་མྱོང་བཞིན་པའི་དུས་སྐབས་འདིར། སྐུ་ཉིད་མཆོག་གིས་འཛམ་གླིང་ཞི་བདེའི་ཐུགས་རེ་མཛད་བཞིན་ཡོད་དམ། ནང་ཆོས་ནས་གསུངས་པའི་ཞི་བདེའི་བསླབ་བྱ་དེ་དག་འཛམ་གླིང་ནང་ཇི་ལྟར་སྤེལ་གནང་མཛད་རྒྱུ་ཡིན་ནམ།
བཀའ་ལན། འདས་པའི་ལོ་ངོ་ ༣༠ རིང་ངོས་ཀྱིས་ཚན་རིག་པ་དང་ཤེས་ལྡན་མི་སྣ་སོགས་དང་ལྷན་བགྲོ་གླེང་ཐེངས་མང་བྱེད་སྐབས་ཚན་རིག་པ་ཚོས་གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཡིན་སྐོར་བརྗོད་བྱུང་། ཁོང་རྣམས་ལ་རྒྱུ་མཚན་འདུག འོན་ཀྱང་འདིར་རྒྱས་བཤད་བསྐྱར་ལྡབ་ཞུ་རྒྱུ་མིན། དེ་ཐོས་འཕྲལ་རེ་བ་རྒྱག་ས་ཞིག་འདུག་སྙམ་པའི་ངེས་པ་རྙེད་བྱུང་། གལ་ཏེ་མིའི་ལྷན་སྐྱེས་རང་བཞིན་དེ་ཁོང་ཁྲོ་སོགས་ཉོན་མོངས་པའི་གཞན་དབང་ཡིན་ན་རེ་བ་རྒྱག་ས་མེད། ངོས་རང་ནང་པ་ཡིན། ནང་པའི་གཞུང་སྤྱི་དང་ལྷག་པར་དཔལ་ན་ལེནྡྲའི་བཞེད་སྲོལ་ནང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཡོད་པ་གསུངས་ཡོད། དེར་བརྟེན་རང་བཞིན་མཐར་ཐུག་དེ་བཟང་ཕྱོགས་ཡིན་སྟབས། སྨོན་ལམ་དང་སྒོམ་སོགས་ལ་མ་བརྟེན་པར་དངོས་ཡོད་གནས་ཚུལ་དང་མཐུན་པར་ཤེས་ཡོན་ཐོག་ནས་ཕྱིན་པ་ཡིན་ན་འཛམ་གླིང་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐུབ་རྒྱུ་ཡིན་པ་ངོས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད། ད་ལྟའི་ཤེས་ཡོན་ལམ་ལུགས་རྐྱང་པས་འདང་གི་མེད། དེང་སྐབས་ཤེས་ཡོན་ལམ་ལུགས་འདི་གཙོ་བོ་ཕྱི་དངོས་པོར་དོན་གཉེར་བྱས་པ་མ་གཏོགས་ནང་གི་རིན་ཐང་ལ་དོ་སྣང་སྤྲད་ཀྱི་མེད།
༢)དྲི་བ། ཡ་མཚན་དགོས་པ་ནི། མི་གསོད་ཁྲག་སྦྱོར་གྱི་ལས་ཕལ་ཆེ་བ་ཆོས་ཀྱི་མིང་ཐོག་ནས་སྤེལ་བཞིན་ཡོད། ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་སྐུ་ཉིད་མཆོག་གིས། ཆོས་དམག་དེ་འགྲིག་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་དམ།
བཀའ་ལན། དེ་འགྲིག་པ་ཞིག་མ་རེད། སྤྱིར་དམག་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཆ་ཤས་ལྟ་བུ་ཞིག་ཆགས་ཡོང་སྐབས་མཚམས་རེ་ཆོས་ཀྱི་མིང་ཐོག་ནས་དམག་བརྒྱབ་པ་དེ་འདྲའང་བྱུང་ཡོད། འོན་ཀྱང་དེ་ལོ་རྒྱུས་ནང་བྱུང་ཟིན་པའི་གནས་སྟངས་ཤིག་རེད། དེའི་ཚེ་དེའི་དུས་ཡུལ་ལུང་སོ་སོའི་ནང་རང་ཁ་རང་གསོ་ལྟ་བུ་བྱས་ནས་འགྲིག་འགྲོ་གི་ཡོད། སྐབས་རེ་ཁྱིམ་མཚེས་དང་དམག་འཐབ་ཤོར་སྐབས་ཕྱོགས་གཅིག་རྒྱལ་བ་དང་གཞན་དེ་ཕམ་པ་དེ་འདྲ་བྱུང་ཡོད། འོན་ཀྱང་ད་ཆ་འཛམ་གླིང་གཅིག་ལ་གཅིག་བརྟེན་དགོས་པའི་དངོས་ཡོད་གནས་སྟངས་འདིའི་འོག་ཁྱིམ་མཚེས་ཕམ་ཉེས་གཏོང་སྐབས་སོ་སོ་ཡང་ཕམ་རྒྱུ་ལས་རྒྱལ་ཕམ་གྱི་གནས་སྟངས་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། གོ་ལ་སྤྱི་ཡོངས་ཀྱི་གནས་སྟངས་ལ་བལྟས་ཀྱང་རྒྱལ་ཁབ་ཕན་ཚུན་ཙམ་མ་ཟད། གླིང་ཆེན་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པའི་འབྲེལ་བ་ཧ་ཅང་གཏིང་གཟབ་ཆགས་ཟིན། འཛམ་གླིང་ཤར་ནུབ་ཕན་ཚུན་དགོས་མཁོ་ཧ་ཅང་ཆགས་ཡོད། ཕྱོགས་མཚུངས་ལྷོ་བྱང་གཉིས་ཀྱང་གཅིག་མཚུངས་ཡིན། འཛམ་གླིང་མི་འབོར་འཕེལ་བཞིན་ཡོད། ང་ཚོས་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་གནས་སྟངས་གཅིག་གྱུར་ཡིན་པ་དེའི་ཐོག་ནས་བསམ་བློ་གཏོང་དགོས་པ་ལས་ང་ཚོ་དང་ཁོ་པ་ཚོ་ཞེས། རྒྱལ་ཁབ་ཕན་ཚུན་དང་སྤྱི་ཚོགས་ཕན་ཚུན་ཕྱོགས་ཞེན་བྱས་ནས་སྡོད་རྒྱུའི་དུས་ཚོད་ཡོལ་ཟིན། གཞི་རྩའི་ཆ་ནས་ང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཡིན། གྲོག་མ་དང་སྦྲང་འབུ་སོགས་སྤྱི་ཚོགས་ལ་བརྟེན་ནས་འཚོ་བའི་སེམས་ཅན་དེ་ཚོར་རྣམ་དཔྱོད་ཀྱི་ཤེས་རབ་དེ་ཙམ་མེད་ཀྱང་། ལུས་པོའི་ལྷན་སྐྱེས་སུ་སྤྱི་ཚོགས་ལ་བརྟེན་ནས་མཉམ་རུབ་ཐོག་འཚོ་གནས་བྱེད་དགོས་པའི་གནས་སྟངས་ཆགས་ཡོད། ང་ཚོ་མི་རེད། རྣམ་དཔྱོད་ཀྱི་ཤེས་རབ་ཕུལ་དུ་བྱུང་བ་ཞིག་ཡོད་པ་དེའི་ཐོག་ནས་འཚོ་གནས་བྱེད་དགོས་པ་ལས། ཞེ་སྡང་། ང་རྒྱལ་དང་ཁེངས་དྲེགས་ཀྱི་གཞན་དབང་དུ་མ་སོང་བ་བྱེད་དགོས། ངོས་ཀྱིས་གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེའི་ཐོག་ནས་བྱམས་བརྩེའི་ནུས་པ་གོང་མཐོར་གཏོང་དགོས། ད་ཆ་ཤེས་ཡོན་ལམ་ལུགས་ལ་འགྱུར་བ་བཏང་ནས་དེ་འདྲ་ཡོང་བ་ཞིག་བཟོ་ཐུབ་རྒྱུ་རེད།
༣)དྲི་བ། སྐུ་ཉིད་མཆོག་གིས་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པ་ཟེར་བའི་ཐ་སྙད་དང་འབར་མའི་ནང་ནང་པ་ཚོས་རོ་ཧིན་ཇི་ཡ་ཁ་ཆེའི་གྲངས་ཉུང་མི་རིགས་ལ་གཏོར་རྒོལ་བཏང་བའི་གནས་ཚུལ་གསན་ཡོད། འཇིགས་སྐུལ་རིང་ལུགས་ལ་ཆོས་མིང་འདོགས་རུང་ངམ།
བཀའ་ལན། ཆོས་པ་ཡིན་ཟེར་མཁན་ཚོའང་མི་ཡིན་སྟབས་ཆགས་སྡང་གི་བློ་ཡོད། ནང་པ་ཞེས་བརྗོད་སྐབས་འཛམ་གླིང་ཀུན་གྱིས་འཚེ་མེད་ཞི་བའི་ཆོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཀྱང་སྐབས་རེ་ནང་པས་རྙོག་གྲ་ཏོག་ཙམ་བཟོ་བཞིན་ཡོད། ཆོས་ལ་དད་པ་ཧ་ལས་པ་ཡོད། འོན་ཀྱང་ཉོན་མོངས་པའི་གཞན་དབང་འོག་ཚུད་ནས་དེ་འདྲ་བྱུང་བ་ཞིག་རེད། རྒྱུ་མཚན་དེར་བརྟེན་ངོས་ཀྱིས་ལོ་ངོ་སྟོང་ཕྲག་གཉིས་ལྷག་རིང་ནས་དར་བའི་རྒྱ་གར་སྲོལ་རྒྱུན་གྱི་ཆོས་ལུགས་མཐུན་སྒྲིལ་གྱི་ལྟ་གྲུབ་ཉམས་ལེན་བྱེད་རྒྱུ་གལ་ཆེར་འཛིན་ནས་རང་ཉིད་ཙམ་མིན་པར་འཛམ་གླིང་གཞན་ལའང་ཁྱབ་སྤེལ་ཐུབ་ཐབས་བྱེད་བཞིན་ཡོད། གལ་ཏེ་ང་ཚོས་དད་པ་ཙམ་གྱི་རྗེས་སུ་མ་འབྲང་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་ཆོས་ལ་སློབ་གཉེར་བྱས་པ་ཡིན་ན། ཁྱད་པར་ཏན་ཏན་ཡོང་རྒྱུ་རེད། སྤྱིར་འཛམ་གླིང་ནང་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་སོགས་ལྟ་གྲུབ་མི་འདྲ་བ་དེ་དག་གི་དམིགས་ཡུལ་གཙོ་བོ་སྙིང་རྗེ་དང་བྱམས་བརྩེ་སོགས་ཀྱི་ཉམས་ལེན་གོང་སྤེལ་གཏོང་ཆེད་ཡིན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་བརྗོད་སྐབས། སྙིང་རྗེ་དང་བྱམས་བརྩེའི་བདག་ཉིད་གཅིག་ལ་འདོད། དཀོན་མཆོག་གིས་བྱམས་པ་དང་སྙིང་རྗེ་བཟོས་པར་ཡིད་ཆེས་བྱེད་ཀྱི་ཡོད། དཀོན་མཆོག་ནི་རང་གི་ཕ་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད་སྟབས་ལྟ་གྲུབ་འདི་ལ་ནུས་པ་ཧ་ཅང་ཆེ། དེ་ལྟ་བུའི་ཡིད་ཆེས་ཀྱི་བློ་དེས་སེམས་ནང་སྙིང་སྟོབས་སྤེལ་བཞིན་ཡོད། གང་ཡིན་བརྗོད་ན་རང་གི་ཕ་ལྟ་བུ་ཞིག་གིས་སྙིང་རྗེ་བཟོས་པ་ཡིན་སྟབས་དེ་ཉམས་ལེན་བྱེད་དགོས་པའི་བློ་དེ་ངང་གིས་ཡོང་རྒྱུ་ཡིན་པ་ཆོས་ཉིད་རེད། དེ་ནས་གཅེར་པུ་བ་དང་ནང་པ་སངས་རྒྱས་པ་ལྟ་བུས་འཇིག་རྟེན་བཀོད་པ་པོ་མི་འདོད་ཅིང་། གཙོ་བོ་རྒྱུ་འབྲས་རྣམ་གཞག་འདོད། འདོད་ཚུལ་དེ་ཡང་རང་རྒྱུད་ལ་ལྷག་བསམ་སྐྱེ་རྒྱུའི་ནུས་པ་ཧ་ཅང་ཆེ། ལས་བཟང་ངན་ཇི་འདྲ་ཡོང་མིན་བྱེད་པོ་རང་ཉིད་ལ་རག་ལུས་ཡོད་པར་བརྟེན། སྒོ་གསུམ་གྱི་སྤྱོད་པ་ཚུལ་དང་མཐུན་པ་བྱེད་དགོས། མིག་རྒྱང་ཐུང་ཐུང་དང་བསམ་བློ་གུ་དོག་བྱས་ནས་ལས་ངན་བསགས་པ་ཡིན་ན་རྣམ་སྨིན་འབྲས་བུ་དེ་སོ་སོས་མྱོང་རྒྱུ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། ཅེས་གསུངས་ཡོད།
༤)དྲི་བ། སྐུ་ཉིད་མཆོག་གིས་རྒྱ་གར་སྲོལ་རྒྱུན་གྱི་རིག་གནས་ཕུལ་བྱུང་སྐོར་དང་ལྷག་པར་རྒྱ་གར་ནང་དུ་ཆོས་ལུགས་མཐུན་སྒྲིལ་གྱི་སྲོལ་བཟང་ཐུན་མོང་མིན་པ་ཞིག་སྔ་མོ་ནས་དར་སྲོལ་བྱུང་བའི་སྐོར་བཀའ་སྩོལ་བཞིན་ཡོད། འོན་ཀྱང་རྒྱ་གར་ནང་ཆོས་ལུགས་ཕན་ཚུན་འཁྲུག་རྩོད་དང་ཡང་ན། འོས་བསྡུའི་སྐབས་ཆབ་སྲིད་ཚོགས་པ་འདྲ་མིན་གྱིས་ཆོས་ལུགས་ཀྱི་རྙོག་གྲ་ཆེད་མངགས་གླེང་བཞིན་པ་དང་། དེས་ཆོས་ལུགས་མཐུན་སྒྲིལ་བཟོ་རྒྱུའི་ཚབ་ཏུ་འཐེན་འཁྱེར་གྱིས་འགལ་ཟླ་ཆེ་རུ་གཏོང་བཞིན་ཡོད། སྐུ་ཉིད་མཆོག་ལ་དགོངས་ཚུལ་ཇི་ཡོད། སྐུ་ཉིད་མཆོག་རྒྱ་གར་ནང་བཞུགས་ཞག་མཛད་ནས་མི་ལོ་ ༦༠ ཙམ་སོང་ཡོད།
བཀའ་ལན། རེད། སྤྱིར་སྟངས་ངོས་ཀྱིས་བསམ་པར་ད་ཆ་ལོ་ ༥༧ འགྲོ་བཞིན་འདུག
༥)དྲི་བ། དེར་བརྟེན་ ༦༠ འཁོར་ལ་ཉེ།
བཀའ་ལན། དང་པོ་དེར། ངོས་རང་རྒྱ་གར་སྲོལ་རྒྱུན་གྱི་ལེགས་བཤད་སྤེལ་མཁན་གྱི་བང་ཆེན་ལྟ་བུ་ཡིན། ཞེས་བརྗོད་ཀྱི་ཡོད། གཉིས་པ་དེར་ངོས་རང་རྒྱ་གར་གྱི་བུ་ཡིན་བསམ་པ་དྲན་བཞིན་ཡོད། རྒྱུ་མཚན་ནི་དེ་སྔ་དྲི་བ་དྲིས་ལན་སྐབས་ཐེངས་མང་པོར་བརྗོད་རྒྱུ་བྱུང་། ངོས་ཀྱི་ཀླད་པའི་རྫས་ཕྲ་ཕུང་དེ་དག་དཔལ་ནཱ་ལེནྡའི་ལེགས་བཤད་ཀྱིས་ཁེངས་ཤིང་། འདས་པའི་ལོ་ངོ་ ༥༠ ལྷག་རིང་ལུས་པོ་འདི་རྒྱ་གར་གྱི་སྲན་མ་ Dal དང་བག་ལེབ་ Chapati དང་འབྲས་ Rice ལ་བརྟེན་ནས་འཚོ་བ་རེད། དེར་བརྟེན་ལུས་སེམས་དང་འདུ་ཤེས་གང་གི་ཆ་ནས་རྒྱ་གར་གྱི་བུ་ཞིག་དང་། དུས་ཡུན་རིང་ཤོས་སྡོད་མཁན་གྱི་མགྲོན་པོ་ཞིག་ཀྱང་ཆགས་ཡོད།
དེར་བརྟེན་ངོས་ལ་རྒྱ་གར་ལ་དོན་དམ་གྱི་སེམས་ཁུར་ཧ་ཅང་ཡོད། རྙོག་གྲ་ཆུང་ཙག་རིགས་ཡོང་བ་ཆོས་ཉིད་རེད། རྒྱ་གར་ནང་མི་འབོར་ཐེར་འབུམ་གཅིག་ལྷག་ཡོད་སྟབས་རྙོག་གྲ་བཟོ་མཁན་མི་རེ་གཉིས་ཡོང་སྲིད་པ་ཞིག་རེད། དེ་འདྲ་མེད་ན་རྒྱ་གར་བ་ཚོ་མི་མ་རེད། ལྷ་ཡིན་རྒྱུ་རེད། ང་ཚོ་མི་རེད། རྙོག་གྲ་བཟོ་མཁན་རེ་ཟུང་ག་དུས་ཡིན་ནའང་ཡོད། འོན་ཀྱང་ཁྱོན་ཡོངས་ནས་བལྟས་ན་རྒྱ་གར་འདི་ཞི་བདེ་བརྟན་ལྷིང་ལྡན་པ་ཞིག་ཡིན། ལྷག་པར་ཁྱིམ་མཚེས་རྒྱལ་ཁབ་ཤྲི་ལངྐ་དང་པ་ཀི་སི་ཐན། བྷང་ལ་དེ་ཤི་སོགས་དང་བསྡུར་བ་ཡིན་ན་ཡག་ཐག་ཆོད་རེད།
རྒྱ་གར་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཡོད་པའི་མང་གཙོའི་རྒྱལ་ཁབ་གཅིག་ཡིན་ཞིང་། ལོ་ངོ་ ༡༠༠༠།༢༠༠༠ རིང་འཚེ་མེད་ཞི་བའི་ལྟ་གྲུབ་རྒྱུན་སྐྱོང་བྱེད་བཞིན་པ་མ་ཟད། མིའི་གོམས་གཤིས་ནང་འཇགས་ཡོད། དེར་བརྟེན་རིན་ཐང་དེ་དག་བདེ་སྐྱིད་ལྡན་པའི་རྒྱ་གར་གྱི་སྤྱི་ཚོགས་བསྐྲུན་རྒྱུའི་རྨང་གཞི་ལྟ་བུ་ཡིན། མཚམས་རེ་རྙོག་གྲ་ཡོང་གི་རེད། དེར་བསམ་ཤེས་ཐུབ་པ་ཞིག་རེད། ཆབ་སྲིད་མི་སྣ་དང་། ཆོས་ལུགས་དབུ་ཁྲིད་འགས་སྐབས་རེ་རྙོག་གྲ་བཟོ་བ་དེ་འདྲ་ཡོང་སྲིད། སྤྱི་ཡོངས་ནས་བཤད་ན་རྒྱ་གར་ནང་གནས་སྟངས་ཧ་ཅང་ཡག་པོ་འདུག འདི་ངོས་ཀྱི་བསམ་ཚུལ་ཡིན། འོན་ཀྱང་ང་ཚོས་བཟང་ཕྱོགས་དེ་དག་ཡིན་ཤག་བྱས་ནས་ལྷོད་གཡེང་གཏོང་རྒྱུ་མེད། ལྷག་པར་གཞོན་སྐྱེས་ཚོས་འབད་བརྩོན་བྱས་ནས་དུས་རབས་ ༢༡།༢༢།༢༣ ནང་འགྲོ་རྒྱུའི་ཕུགས་ཀྱི་འཆར་སྣང་བཟང་པོ་ཞིག་བསྐྲུན་ཐབས་བྱེད་དགོས། ངོས་ཀྱིས་བསམས་པར་རྒྱལ་ཁབ་འདིས་བྱམས་བརྩེ་དང་འཚེ་མེད་ཞི་བ་ཉམས་ལེན་ཐོག་ནས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་རླབས་ཆེན་གྱི་ཞབས་འདེགས་ཤིག་འཇོག་ཐུབ་རྒྱུ་རེད་བསམ་པ་དྲན་བཞིན་ཡོད།
༦)དྲི་བ། ༸གོང་ས་མཆོག་ནས་རྒྱ་གར་གྱི་སྲིད་བློན་པཎྜི་ཏ་ནེ་རུ་ Nehru མཆོག་དང་ཨིན་དི་རཱ་གྷན་དི་ Indira Gandhi མཆོག ཝ་ཇ་པ་ཡི་མཆོག Vajpayee དེ་བཞིན་མོ་དི་ PM Modi མཆོག་གིས་གཙོས་དབུ་ཁྲིད་མང་པོ་ཞིག་དང་མཇལ་འཕྲད་མཛད་མྱོང་ཡོད། ཐུགས་ལ་མྱོང་ཚོར་ཇི་འདྲ་ཞིག་བྱུང་།
བཀའ་ལན། རླབས་ཆེན་རེད། མི་མང་གིས་བདམས་པ་རེད། ནེ་རུ་དང་མཇལ་འཕྲད་སྐབས་ངོས་རང་གཞོན་པ་རེད། ཉམས་མྱོང་མེད། འོན་ཀྱང་ཁོང་གིས་རོགས་པ་ཧ་ཅང་གནང་བྱུང་བ་མ་ཟད། སྐུ་སྒེར་ངོས་ནས་ཐུགས་ཧ་ཅང་ཉེ་པོ་གནང་གི་ཡོད། དེར་བརྟེན་ཁོང་གི་དྲུང་ནས་ལམ་སྟོན་མང་པོ་ཐོབ་བྱུང་། དངོས་གནས་ཁ་ཡོད་ལག་ཡོད་ཀྱི་བསླབ་བྱ་ཕན་ཐོགས་ཡོད་པ་དེ་འདྲ་མང་པོ་ཐོབ་མྱོང་ཡོད། རླབས་ཆེན་རེད།
༧)དྲི་བ། སྐབས་དེར་རྒྱ་ནག་དང་འབྲེལ་ལམ་ཐོག་ནས་བོད་མི་སྐྱབས་བཅོལ་བ་ལེན་རྒྱུར་རྒྱ་གར་གཞུང་ལ་མཛད་དཀའ་ཧ་ཅང་ཡོད།
བཀའ་ལན། རེད།
༨)དྲི་བ། དཀའ་ངལ་ཧ་ཅང་ཆེ་བའི་དུས་སྐབས་ཤིག་རེད།
བཀའ་ལན། དེ་འདྲ་རང་རེད། རྒྱ་གར་གཞུང་གིས་ཏཱ་ལའི་བླ་མ་ལྷ་ས་ནས་རྒྱ་གར་ཕྱོགས་སུ་ཐོན་འདུག་ཟེར་བ་ཐོས་སྐབས་རྒྱ་གར་གྱི་བཀའ་ཤག་ལྷན་རྒྱས་ནང་གྲོས་བསྡུར་འགའ་ཤས་བྱུང་འདུག སྐབས་དེར་བཀའ་བློན་ཁག་གཅིག་གིས་རྒྱ་ནག་དང་འབྲེལ་ལམ་དོ་ཕོག་འགྲོ་གཞིར་བརྟེན་ཏཱ་ལའི་བླ་མ་རྒྱ་གར་ནང་སྣེ་ལེན་ཞུ་རྒྱུའི་ཐད་བསམ་བློ་གཏོང་དགོས་སྐོར་གྱི་བསམ་ཚུལ་འདོན་སྐབས་པཎྜི་ཏ་ནེ་རུ་མཆོག་གིས་མོས་མཐུན་མ་གནང་བར་ང་ཚོས་ཏཱ་ལའི་བླ་མར་སྐྱབས་བཅོལ་འབུལ་དགོས། ཞེས་གསུངས་ཡོད་སྐོར་ངོས་ལ་ཕྱིས་སུ་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་ཁག་གཅིག་གིས་གསུངས་བྱུང་། ངོས་ཀྱི་གྲོགས་པོ་རབ་གཅིག་སྐུ་ཞབས་ཝ་ཇ་པ་ཡི་ Vajpayee མཆོག་རེད། སྐབས་ཤིག་ངོས་རང་ཁོང་དང་མཇལ་སྐབས་ཁྱེད་རང་ཕྱོགས་འགལ་ཚོགས་པའི་ནང་ཡོད་ན་ང་ཚོར་ཡག་པོ་འདུག གང་ཡིན་བརྗོད་ན་གཞུང་འཛིན་ཚོགས་པའི་ནང་ཡོད་ཚེ་གཟབ་གྲུང་མང་པོ་བྱེད་དགོས་པ་ཡིན། ཕྱོགས་འགལ་ཚོགས་པའི་ནང་ཡོད་སྐབས་རང་གི་གང་བསམས་པ་དེ་རང་དབང་ཐོག་ནས་བཤད་ཐུབ་ཀྱི་འདུག ཅེས་རྩེད་མོ་དང་སྦྲགས་ནས་བརྗོད་སྐབས་ཁོང་གིས་འཛུམ་མདངས་ཀྱི་རྣམ་འགྱུར་ཞིག་བསྟན་བྱུང་།
༩)དྲི་བ། སྐུ་ཉིད་མཆོག་ལོ་མང་རིང་ནས་བོད་མིའི་འཐབ་རྩོད་ཀྱི་འབོད་སྒྲ་འཛམ་གླིང་ཕྱིར་མངོན་པར་གསལ་བར་མཛད་མཁན་ཞིག་ཡིན་ཡང་། ཉེ་ལམ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་དཔལ་འབྱོར་དང་དྲག་པོའི་སྟོབས་ཤུགས་ཀྱི་གནོན་ཤུགས་འོག་ཚུད་བཞིན་ཡོད། སྐུ་ཉིད་མཆོག་གིས་འཛམ་གླིང་དབུ་ཁྲིད་རྣམ་པས་རྒྱ་ནག་ནང་མང་གཙོའི་ལམ་ལུགས་ཡོང་སླད་འབད་བརྩོན་གནང་དགོས་པའི་འབོད་སྐུལ་མཛད་ཀྱང་དེ་ལྟར་བྱུང་མེད། འགྲོ་བ་མིའི་ཐོབ་ཐང་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད། ལྷག་པར་རྒྱ་ནག་སྟོབས་འབྱོར་རྒྱས་བཞིན་པའི་སྐབས་འདིར་བོད་མིའི་དཀའ་ངལ་རྒྱབ་སྐྱུར་བྱེད་བཞིན་ཡོད། དུས་སྐབས་འདིར་བོད་དོན་ཆེད་འཛམ་གླིང་དང་རྒྱ་གར་མི་མང་ཚོས་ཕྱག་རོགས་ཞུ་དགོས་པ་གང་གཟིགས་ཀྱི་ཡོད་དམ། སྐུ་ཉིད་མཆོག་གིས་དབུ་མའི་ལམ་གྱི་སྐོར་ལ་བཀའ་སློབ་སྩོལ་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་དོ་སྣང་ཙམ་ཡང་མ་བྱས་པར་བོད་ཀྱི་གནད་དོན་ཐོག་བརྒྱ་ཁ་གཅིག་གཅོད་བྱེད་བཞིན་ཡོད། གནས་སྟངས་འདི་འདྲར་ཐུགས་བློ་ཁེངས་པ་ཞིག་འདུག་གམ།
བཀའ་ལན། རྒྱ་ནག་ནི་གནའ་རབས་ལོ་རྒྱུས་ཀྱི་ཕྱུག་ཅིང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་ཁར། རྒྱ་མི་རིགས་ནི་ཞི་དུལ་དང་ངལ་སྩོལ་ཆེ་བའི་མི་རིགས་ཤིག་ཡིན། སྲིད་གཞུང་ཟེར་བ་དུས་ནས་དུས་སུ་འགྱུར་བ་འགྲོ་རྒྱུ་རེད། ད་ལྟའི་རྒྱ་ནག་དམར་པོའི་སྲིད་གཞུང་ལྟ་བུར་མཚོན་ནའང་ལོ་ངོ་ ༦༠ རིང་འགྱུར་བ་ཧ་ཅང་ཕྱིན་ཡོད། ངོས་ཀྱིས་རྒྱུན་དུ་རྒྱལ་ཁབ་ཇི་འདྲ་ཞིག་ཡིན་ནའང་མཐར་ཐུག་དབང་ཆ་མི་མང་ལ་ཡོད་པ་བརྗོད་ཀྱི་ཡོད། རྒྱལ་ཁབ་ཟེར་བ་དེ་གཞུང་གཅིག་དང་ཆབ་སྲིད་ཚོགས་པ་གཅིག་ལ་བདག་པ་ཞིག་མིན། སྲིད་གཞུང་དེ་དག་འཕོ་འགྱུར་འགྲོ་རྒྱུ་རེད། འོན་ཀྱང་མི་མང་ཚོ་དུས་རྟག་ཏུ་གནས་རྒྱུ་ཡིན་སྟབས་། མི་འབོར་ཆེ་ཤོས་དང་ལས་ལ་བརྩོན་པ་ཆེ་བའི་རྒྱ་མི་རིགས་ཚོར་དུས་རྟག་ཏུ་ངོས་ཀྱིས་བསྔགས་བརྗོད་ཞུ་བཞིན་ཡོད། ཨ་རི་དང་ཡུ་རོབ། དེ་བཞིན་དེ་སྔ་ཀ་ལི་ཀོ་ཏར་རྒྱ་རིགས་ཕོན་ཆེ་ཡོད། ཁོང་ཚོ་གང་དུ་ཡོད་ཀྱང་རྒྱ་ནག་གི་རིག་གཞུང་གཅེས་འཛིན་བྱེད་བཞིན་པ་མ་ཟད། ནང་ཆོས་ཀྱི་ཤན་ཞུགས་ཡོད་པ་ངོས་ཀྱིས་མཐོང་བྱུང་། ཧ་ཅང་ཡག་པོ་རེད། འོན་ཀྱང་ད་ལྟའི་རྒྱ་ནག་སྤྱི་ཚོགས་ནང་དམ་བསྒྲགས་དང་ལྐོག་ཟའི་དཀའ་ངལ་ཧ་ཅང་ཡོད། སྲིད་འཛིན་ཞི་ཅིང་ཕིང་རང་ཉིད་ཀྱང་གནས་སྟངས་ཁག་པོ་ཞིག་ལ་གནས་འདུག ཁོང་གི་ལྐོག་ཟའི་གནད་དོན་ཐོག་སེམས་ཐག་ཆོད་པོ་བྱས་ནས་སྲིད་བྱུས་རྒྱུན་སྐྱོང་གནང་བ་དེར་བསྔགས་བརྗོད་ཡོད། འོན་ཀྱང་དཀའ་ངལ་མུ་མཐུད་ནས་འཕྲད་བཞིན་ཡོད།
༡༠)དྲི་བ། སྲིད་འཛིན་ཞི་ཅིང་ཕིང་གིས་བོད་ནང་སྲིད་བྱུས་འགྱུར་བ་གཏོང་རྒྱུར་སྐུ་ཉིད་མཆོག་ནས་ཐུགས་རེ་མཛད་ཡོད་ཀྱང་དེ་ལྟར་བྱུང་ཐུབ་མེད། ཁོང་ཐོག་མར་རྒྱ་ནག་གི་སྲིད་འཛིན་དུ་འདེམས་སྐབས་གྲོས་མོལ་ཡོང་རྒྱུའི་ཐུགས་རེ་མཛད་ཡོད་ཀྱང་ད་བར་བྱུང་ཐུབ་མེད།
བཀའ་ལན། འདས་པའི་ལོ་ཤས་རིང་བཟང་ངན་གྱི་རྣམ་འགྱུར་འདྲེས་མ་ཞིག་ཐོན་ཡོད། དེར་བརྟེན་ལམ་ལུགས་དེ་མི་གཅིག་གཉིས་ཀྱིས་འགྱུར་བ་གཏོང་ཟེར་རྒྱུ་ཧ་ཅང་ཁག་པོ་རེད། སྲིད་གཞུང་ནང་མཁྲེགས་བཟུང་བྱེད་མཁན་ཡོད་སྟབས་སྐབས་རེ་སྲིད་འཛིན་རང་ཉིད་ལའང་དཀའ་ངལ་འཕྲད་བཞིན་ཡོད། གང་ལྟར་གནས་ཚུལ་ཇི་བྱུང་ང་ཚོས་བལྟ་རྒྱུ་རེད། མིག་གསུམ་པ་ཞིག་མེད་ན་མ་འོངས་ལུང་བསྟན་བྱ་རྒྱུ་ཁག་པོ་རེད། མིག་གསུམ་པ་ཡོད་མཁན་ཚོས་ཀྱང་སྐབས་རེ་བརྒྱ་ཆ་བརྒྱ་ཐམ་པ་འགྲིག་པའི་ངེས་པ་མིན་འདུག གཞི་རྩའི་ངོས་ཀྱིས་གོང་དུ་བརྗོད་པ་ལྟར་རྒྱ་ནག་དེ་ཡང་འཛམ་གླིང་གི་ཆ་ཤས་ཤིག་ཡིན། དེང་འཛམ་གླིང་ནང་གཅིག་སྡུད་དབང་འཛིན་པ་ཚོ་ཁུངས་འཁྱོལ་རྒྱུ་ཁག་པོ་རེད། མང་གཙོ་དང་གུ་ཡངས། སྨྲ་བརྗོད་དང་བསམ་བློའི་རང་དབང་སོགས་ནི་འཛམ་གླིང་གི་མ་འོངས་པའི་མདུན་ལམ་རེད། སྔ་ཕྱི་མ་གཏོགས་རྒྱ་ནག་ཀྱང་དེའི་ཕྱོགས་སུ་ཁ་ཕྱོགས་འགྱུར་དགོས་པ་ཆགས་རྒྱུ་རེད།
༡༡)དྲི་བ། སྐུ་ཉིད་མཆོག་གིས་ཐུགས་ཚོར་ཆེན་པོས་རྒྱ་གར་གྱི་བུ་ཞིག་ཡིན། ཞེས་བཀའ་སྩོལ་བཞིན་ཡོད། འོན་ཀྱང་བོད་དུ་ཕྱིར་༸ཞབས་སོར་འཁོད་ཐུབ་རྒྱུ་རེད་སྙམ་པའི་ཐུགས་རེ་མཛད་བཞིན་ཡོད་དམ།
བཀའ་ལན། རེ་བ་ད་དུང་ཡོད། སྤྱིར་ངོས་རང་ད་ཆ་ལོ་ན་ ༨༡ སོན་ཡོད། འོན་ཀྱང་ཁྱེད་ཀྱིས་ངོས་ཀྱི་གདོང་ལ་བལྟས་ནས་ཚོད་དཔག་གནང་དང་། ད་དུང་ག་ཚོད་འཚོ་ཐུབ་པ་འདུག ངོས་ཀྱིས་བསམ་པར་ཡང་སྐྱར་ལོ་བཅུ་འཚོ་ཐུབ་རྒྱུ་རེད།
༡༢)དྲི་བ། ང་ཚོས་སྐུ་ཉིད་མཆོག་དུས་ཡུན་དེ་ལས་རིང་བ་སྐུ་འཚོ་བཞུགས་མཛད་རྒྱུའི་རེ་བ་ཞུ་བཞིན་ཡོད་༸གོང་ས་མཆོག
བཀའ་ལན། དེས་ན་ལོ་ ༢༠ འཚོ་ཐུབ་སྲིད།
༡༣)དྲི་བ། སྐུ་ཉིད་མཆོག་ཉེ་ལམ་མེ་ཡོ་སྨན་ཁང་དུ་སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་ཡོད། འོན་ཀྱང་འདིར་འདུས་སྐྱེ་བོ་ཕལ་མོ་ཆེ་ལས་སྐུ་ཉིད་མཆོག་སྐུ་སྣ་གཞོན་སོ་དོད་པ་དང་སྐུའི་འཕྲོད་བཞེས་བཟང་བ་ཡོད་པ་མཇལ་རྒྱུ་འདུག སྐུ་གཟུགས་གནས་སྟངས་གང་འདྲ་ཡོད་དམ།
བཀའ་ལན། ཧ་ཅང་ཡག་པོ་ཡོད། གཞི་རྩའི་ཆ་ནས་ཡག་ཐག་ཆོད་ཡོད།
༡༤)དྲི་བ། འདི་ཧ་ཅང་གི་གཏམ་བཟང་པོ་ཞིག་རེད། སྐུ་ཉིད་མཆོག་ད་དུང་ཡང་བོད་དུ་ཕྱིར་༸ཞབས་སོར་འཁོད་ཐུབ་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་དམ།
བཀའ་ལན། བོད་དུ་ཕྱིར་ལོག་ཐུབ་རྒྱུ་རེད་བསམ་པ་དྲན་བཞིན་འདུག རྩ་བའི་ཆ་ནས་ངོས་ཀྱི་བསམ་པར་བོད་མི་བརྒྱ་ཆ་ ༩༩ ངོས་ལ་ཡིད་ཆེས་བྱེད་བཞིན་ཡོད། བོད་ནས་ཕེབས་པའི་བོད་མི་ཚོ་དང་ཐུག་སྐབས་ངོས་རང་བོད་དུ་ཕྱིར་ཡོང་རོགས་ཞེས་རེ་བ་ཆེན་པོ་རྒྱག་སྐབས་ངོས་ཀྱང་སྐབས་རེ་སེམས་སྐྱོ་བ་དེ་འདྲ་ཡོང་བཞིན་འདུག
ཕྱོགས་མཚུངས་ལོ་བཞིའི་གོང་གཙུག་ལག་སློབ་གཉེར་ཁང་གཅིག་གིས་ཉམས་ཞིབ་བྱས་པའི་གྲུབ་དོན་ལྟར་ན། དེང་སྐབས་རྒྱ་ནག་ནང་དུ་རྒྱ་རིགས་ནང་པ་ས་ཡ་ ༣༠༠ ཡོད་པ་དང་། ད་ཆ་རྒྱ་ནག་ནི་འཛམ་གླིང་ནང་གི་ནང་པ་མང་ཤོས་ཡོད་པའི་རྒྱལ་ཁབ་ཆགས་ཡོད། རྒྱ་རིགས་མི་སེར་དཀྱུས་མས་གཙོས་རྒྱ་རིགས་ནང་པ་མང་པོ་ཞིག་ངོས་རང་ཐུག་ཏུ་ཡང་ཡང་ཡོང་གི་འདུག དེང་སྐབས་སུ་མཚོན་ན། བདུན་ཕྲག་རེ་རེའི་ནང་རྒྱ་རིགས་གང་ཙམ་དང་ཐུག་གི་ཡོད། ཁོང་རྣམས་དང་ཐུག་སྐབས་མང་པོས་མིག་ཆུ་གཏོང་བཞིན་འདུག དེར་བརྟེན་འགྱུར་བ་ཏན་ཏན་འགྲོ་བཞིན་འདུག
༡༥)དྲི་བ། སྐུ་ཉིད་མཆོག་གི་སྐུའི་འཕྲོད་བཞེས་ཧ་ཅང་བཟང་པོ་འདུག འོན་ཀྱང་ཉེ་ལམ་ནས་བཟུང་གསར་འགོད་པའི་བཅར་འདྲི་དང་ལེན་མཛད་སྐབས་སྐུའི་ཡང་སྲིད་སྐོར་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། སྐུ་ཉིད་མཆོག་ཏཱ་ལའི་བླ་མ་མཐའ་མ་ཆགས་རྒྱུ་ཡིན་ནམ།
བཀའ་ལན། དེ་འདྲ་སྲིད་པ་ཞིག་རེད། ངོས་ཀྱི་གནད་དོན་དེ་གལ་ཆེན་པོར་བརྩི་ཡི་མེད། ཏཱ་ལའི་བླ་མའི་བླ་བྲང་ཐོག་མ་བྱུང་ནས་ཕལ་ཆེར་ལོ་ངོ་དྲུག་བརྒྱ་ཕྱིན་པ་ཡོད། དེའི་རིང་མཛད་པ་བསྐྱངས་ཡོད། ད་ཆ་དུས་རབས་ ༢༡ ལ་བསླེབས་ཡོད། སྔ་མོའི་དུས་སྐབས་ནང་བྱུང་བའི་ལམ་ལུགས་རྙིང་པ་ཁག་གཅིག་ད་ཆ་དུས་ཚོད་ཡོལ་ནས་ཕན་ཐོགས་དེ་ཙམ་མེད། དང་ཐོག་དེར་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ངོས་ཀྱིས་བོད་མིའི་ཆབ་སྲིད་འགོ་ཁྲིད་ནས་རྒས་ཡོལ་ཆ་ཚང་ཞུས་ཟིན། ང་ཚོས་ཆབ་སྲིད་འགོ་ཁྲིད་འོས་འདེམས་བྱས་ནས་བསྐོ་གཞག་བྱ་རྒྱུའི་ལམ་སྲོལ་གཏན་འབེབས་བྱས་ཡོད། ཕྱི་ལོ་ ༢༠༡༡ ལོར་ངོས་ཀྱི་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་རྒས་ཡོལ་ཞུས་པ་ཙམ་མ་ཟད། ཧ་ལམ་ལོ་ངོ་བཞི་བརྒྱ་ཟིན་ལ་ཉེ་བའི་དགའ་ལྡན་ཕོ་བྲང་བླ་བྲང་གིས་གཞུང་འཛིན་རྒྱུའི་ལམ་སྲོལ་དེ་ཡང་དགའ་ཞིང་སྤྲོ་ཞིང་སྤོབས་པའི་ངང་ནས་མཇུག་སྒྲིལ་བ་ཡིན།
༡༦)དྲི་བ། ཆབ་སྲིད་ཀྱི་སྐུ་དབང་མ་སྐུལ་དང་བླངས་ཐོག་ནས་མང་ཚོགས་ལ་རྩིས་སྤྲོད་མཛད་གནང་མཁན་ཟེར་བ་ནི་འཛམ་གླིང་ནང་ཧ་ཅང་དཀོན་པོ་རེད། རྒྱུ་མཚན་དེར་བརྟེན་སྐུ་ཉིད་མཆོག་གི་མཛད་བཟང་འདི་ནི་ཁྱད་པར་བ་ཞིག་ཡིན།
བཀའ་ལན། ཏཱ་ལའི་བླ་མའི་བླ་བྲང་ཆབ་སྲིད་ཐོག་ནས་ད་ཆ་གལ་ཆེན་པོ་མིན། ཆོས་ཕྱོགས་ནས་གཅིག་བྱས་ན་གལ་ཆེན་པོ་ཡིན་སྲིད། འོན་ཀྱང་རྒྱ་གར་གནའ་རབས་དཔལ་ན་ལེནྡྲ་ནས་དར་བའི་ལེགས་བཤད་ཧ་ཅང་ཕྱུག་པོ་དེ་དག་རྒྱུན་འཛིན་བྱ་རྒྱུའི་འགན་དེ་མི་རེ་ཟུང་དང་ཚོགས་པ་སྒྲིག་འཛུགས་རེ་བཟུང་ལ་རག་ལུས་པ་ཞིག་རེད་བསམ་པ་དྲན་གྱི་མེད། རིག་གནས་དེ་དག་ལ་སློབ་སྦྱོང་བྱས་ནས་རྒྱུན་འཛིན་བྱེད་དགོས། རྒྱ་གར་ནང་ད་སྐབས་དགེ་འདུན་པ་ཞལ་གྲངས་ ༡༠༠༠༠ ཙམ་གྱིས་བཞེད་སྲོལ་དེ་དག་ལ་སློབ་གཉེར་གནང་བཞིན་པ་དང་ལྷག་པར་གཞོན་སྐྱེས་ཁག་གཅིག་ཧ་ཅང་སློབ་གཉེར་བཟང་པོ་ཡོད་པར་བརྟེན་འབྱུང་འགྱུར་མཁས་གྲུབ་ཚད་ལྡན་དེ་འདྲ་ཐོན་རྒྱུ་རེད། ཐོས་བསམ་སློབ་གཉེར་བྱས་ནས་ལེགས་བཤད་དེ་དག་རྒྱུན་འཛིན་བྱ་རྒྱུ་དེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐབས་ལམ་ཚད་ལྡན་ཞིག་ཡིན། སྒྲིག་འཛུགས་དེ་ཙམ་གལ་ཆེན་པོ་མ་རེད། མཚམས་རེ་ངོས་ཀྱི་རྩེད་མོ་དང་སྦྲགས་འདི་འདྲ་ཤོད་ཀྱི་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་དགའ་ལྡན་ཕོ་བྲང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་འགན་འཁྱེར་རྒྱུའི་སྲོལ་དར་བ་དེ་ད་ཆ་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པས་དང་བླངས་ཐོག་ནས་མཇུག་སྒྲིལ་བ་རེད། དེར་བརྟེན་༸གོང་ས་ལྔ་པ་ཆེན་པོས་མོས་མཐུན་མཛད་མིན་མི་ཤེས། འོན་ཀྱང་ཁོང་སྐུ་ངོ་མ་སླར་བྱོན་རྒྱུའི་ཉེན་ཁ་ནི་མེད་སྟབས་ངོས་ལ་བཀའ་སྐྱོན་ཕོག་རྒྱུའི་ཉེན་ཁ་གང་ཡང་མེད། ཅེས་ཤོད་ཀྱི་ཡོད། ལོ་ཤས་སྔོན་ནས་ངོས་ཀྱིས་མ་འོངས་པའི་ཏཱ་ལའི་བླ་མའི་བླ་བྲང་གི་གནས་སྟངས་སྐོར་དུས་ལ་བབ་ན་གསལ་བཤད་བྱ་རྒྱུ་ཡིན། ཞེས་མང་ཚོགས་ལ་གསལ་བཤད་བྱས་ཡོད། ངོས་རང་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོའི་ལོ་ནའི་མཚམས་ཏེ་ལོ་ ༨༤ ཙམ་ལ་བསླེབས་སྐབས། ངོས་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་སོགས་དང་གོ་བསྡུར་བྱ་རྒྱུ་ཡིན། སོག་པོས་གཙོས་འབྲེལ་ཡོད་ཚོ་ལའང་དེའི་སྐོར་ད་ལྟ་ནས་གོ་བསྡུར་དང་གྲ་སྒྲིག་བྱེད་དགོས་པ་བརྗོད་ཡོད།
༡༧)དྲི་བ། ཡང་སྲིད་སྐོར་དེ་སྐུ་ཉིད་མཆོག་གིས་ཐུགས་འདོད་མེད་བཞིན་དུ་ད་ཆ་ཆབ་སྲིད་གནད་དོན་ཞིག་ཏུ་གྱུར་ཡོད། རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོ་ལངས་ཡོད། གང་ཡིན་བརྗོད་ན། རྒྱ་ནག་གཞུང་གིས་ཆེད་མངགས་བླ་སྤྲུལ་ཡང་སྲིད་འཚོལ་ཞིབ་ཆེད་ལས་ཁུངས་བཙུགས་ཏེ་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་ཁོ་པ་ཚོས་ཐག་གཅོད་བྱ་རྒྱུ་དང་ཕྱི་རྒྱལ་དུ་ཡོད་མཁན་ཚོར་དེའི་སྐོར་ཐག་གཅོད་བྱ་རྒྱུའི་ཐོབ་དབང་མེད་ཚུལ་ཤོད་བཞིན་ཡོད། དེར་བརྟེན་ཆབ་སྲིད་གནད་དོན་ཞིག་ཏུ་གྱུར་ཡོད། སྐུ་ཉིད་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་མཛད་ཟིན་པ་དེ་དངོས་བདེན་ཞིག་ཡིན་ནའང་། སྲིད་འཛིན་ཨོ་བྷ་མ་མཆོག་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆ་ཌི་གེར་སོགས་ཀྱིས་གཙོས་རྒྱལ་སྤྱིའི་མི་སྣ་གྲགས་ཅན་ཚོ་དང་ཡང་ཡང་མཇལ་འཕྲད་མཛད་རྒྱུ་སོགས་ཐུགས་བྲེལ་ཧ་ཅང་ཡོད། སྐུ་ཉིད་མཆོག་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་རྩ་དགོངས་ཞུ་གནང་མཛད་པ་དེས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤྱི་ཡོངས་ལ་ཤུགས་རྐྱེན་ཧ་ཅང་ཐེབས་ངེས་རེད། དེར་བརྟེན་འདི་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་སྟབས་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མའི་ཐོག་རྒྱ་ནག་གཞུང་གིས་དབང་སྒྱུར་བྱེད་ཐབས་བྱེད་བཞིན་ཡོད།
བཀའ་ལན། རེད།
༡༨)དྲི་བ། ཡང་སྲིད་ཐོག་ཁྲིམས་བཟོ་རྒྱུ་ཟེར་བ་དེར་སྐུ་ཉིད་མཆོག་ལ་མོས་མཐུན་ཡོད་དམ།
བཀའ་ལན། རྒྱ་ནག་གུང་ཁྲན་ཏང་ཆོས་མེད་སྨྲ་བ་རེད། སྐྱེ་བ་ཕྱི་མ་ཟེར་བ་ཁས་ལེན་བྱེད་ཀྱི་མེད། འོན་ཀྱང་ཏཱ་ལའི་བླ་མའི་ཡང་སྤྲུལ་ཐོག་ངོས་ལས་རྒྱ་ནག་གཞུང་ལ་སེམས་འཚབ་ཆེ་བ་འདུག
༡༩)དྲི་བ། ཁོ་པ་ཚོས་ཏཱ་ལའི་བླ་མའི་ཡང་སྤྲུལ་དེས་ཤུགས་རྐྱེན་ཇི་ཙམ་སྤྲོད་ཐུབ་པ་ཤེས་ཀྱི་ཡོད།
བཀའ་ལན། ཧ་ཅང་ཡག་པོ་རེད། མཚམས་རེ་ངོས་ཀྱིས་རྒྱ་ནག་གཞུང་ནས་ཡང་སྲིད་དང་འབྲེལ་བ་ཞིག་བཟོ་དགོས་པ་བརྗོད་མྱོང་ཡོད། དང་ཐོག་ཁོ་པ་ཚོས་ནང་ཆོས་ཁས་ལེན་ནས་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་བྱེད་དགོས། དེ་རྗེས་གཙོ་འཛིན་མའོ་ཙེ་ཏུང་གི་ཡང་སྲིད་འཚོལ། དེ་རྗེས་ཏིང་ཞའོ་ཕིང་སོགས་ཀྱི་ཡང་སྲིད་རྩད་གཅོད་བྱེད་དགོས། དེ་ནས་གཞི་ནས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ཐེ་བྱུས་བྱས་ན་རྒྱུ་མཚན་ཕྲན་བུ་ཡོད་པ་ལྟ་བུ་རེད།
༢༠)དྲི་བ། སྐུ་ཉིད་མཆོག་གིས་མ་འོངས་པར་ཏཱ་ལའི་བླ་མ་བུད་མེད་ཀྱི་རྟེན་ཅན་དུ་ཕེབས་སྲིད་སྐོར་བཀའ་སྩལ་བ་མ་ཟད། བུད་མེད་ཀྱི་ཏཱ་ལའི་བླ་མ་ཞིག་བྱུང་བ་ཡིན་ན། མདོག་བཟང་པོ་ཞིག་ཡོང་དགོས་སྐོར་བཀའ་སྩལ་བ་དེར་མི་འགས་བསམ་ཚུལ་འདོན་བཞིན་ཡོད། སྐུ་ཉིད་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་སྟབས་འགའ་རེས་བཀའ་མོལ་དེ་འོས་བབ་ཞིག་ལ་གཟིགས་ཀྱི་མེད། བུད་མེད་མདོག་བཟང་པོ་ཞིག་ཕེབས་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
བཀའ་ལན། ངོས་ནས་ཀྱང་བསམ་ཚུལ་དེ་འདྲ་ཡོད་པ་གོ་ཐོས་བྱུང་། ལྷག་པར་བུད་མེད་ཐོབ་ཐང་རྩོད་ལེན་པ་ཚོ་རེད།
༢༡)དྲི་བ། བསམ་ཚུལ་འདོན་མཁན་ཁྲོད་སྐྱེས་པའང་རེ་ཟུང་འདུག
བཀའ་ལན། འདི་དངོས་ཡོད་རེད། གདོང་པ་མཛེས་པོ་དགོས། དེར་བརྟེན་མཛེས་བཟོའི་དགོས་པའང་དེ་རང་རེད།
༢༢)དྲི་བ། སྐུ་ཉིད་མཆོག་མཛེས་བཟོས་རྒྱན་མིན་འདུག
བཀའ་ལན། ནང་པའི་གཞུང་ནས་གཟུགས་བཟང་བ་དང་ཚེ་རིང་པོ་དགོས་པ་གསུང་ཡོད།
༢༣)དྲི་བ། དཔེར་ན་སྐུ་ཉིད་མཆོག་གི་མཇལ་འདོད་པའི་མཛུམ་བག་གི་རྣམ་འགྱུར་ཁྱད་པར་ཅན་ལྟ་བུ།
བཀའ་ལན། ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་རྟེན་ཅན་དུ་སྐྱེ་སྲིད་པ་རེད། ཅེས་པ་དེར་རྒྱུ་མཚན་ཡོད། སྤྱིར་ལོ་སྟོང་ཕྲག་སྔོན་གྱི་དུས་སྐབས་སུ་འགོ་ཁྲིད་ཟེར་བའི་ལམ་སྲོལ་མེད། སྐབས་དེར་མི་འབོར་ཡང་དེ་ཙམ་མེད། དེ་ནས་རིམ་བཞིན་མི་འབོར་འཕེལ་རྒྱས་ཕྱིན་པ་དང་སྦྲགས། སོ་ནམ་འདེབས་ལས་རིམ་བཞིན་ཡར་རྒྱས་ཕྱིན་ནས་ས་ཞིང་ཐོག་ང་དང་ཁོ་ཟེར་ནས་ཕན་ཚུན་ཁ་རྩོད་ཤོར་བ་མ་ཟད། ངའི་རྒྱུ་དངོས་དང་ཁོ་པ་ཚོའི་རྒྱུ་དངོས། ཞེས་རྙོག་གླེང་སོགས་བྱུང་སྐབས་རིམ་བཞིན་འགོ་ཁྲིད་བསྐོ་གཞག་བྱ་རྒྱུའི་བསམ་བློ་དེ་གཞི་ནས་བྱུང་ཡོད། སྐབས་དེར་ཤེས་ཡོན་ཡོད་མེད་ཐོག་ནས་འགོ་ཁྲིད་སུ་ཡིན་གྱི་ཐག་གཅོད་མ་བྱས་པར་གཙོ་བོ་ལུས་བོང་ཆེ་ཆུང་དང་། སྟོབས་ཤུགས་ཆེ་ཆུང་གཙོ་བོར་འཛིན་ནས་འགོ་ཁྲིད་འདེམས་བཞིན་ཡོད་སྟབས་སྐྱེས་པས་འགོ་ཁྲིད་བྱ་རྒྱུའི་ལམ་སྲོལ་དར། དེ་ནས་རིམ་བཞིན་སྐྱེ་པ་གཙོ་བོར་འཛིན་པའི་བསམ་བློ་དར་ནས་ཆོས་ལུགས་ཁག་གཅིག་ལའང་ཤུགས་རྐྱེན་ཐེབ་པ་བྱུང་ཡོད། དེ་རྗེས་རིམ་བཞིན་ཤེས་ཡོན་དར་སྲོལ་བྱུང་རྐྱེན། ཤེས་ཡོན་བརྒྱུད་ནས་འདྲ་མཉམ་གྱི་བསམ་ཚུལ་འདི་བསླེབས་པ་རེད། དཔེར་ན་རྒྱ་གར་ལྟ་བུར་མཚོན་ན་ལྕམ་སྐུ་ཨིན་སྡི་ར་གཱན་དི་མཆོག་དང་ཨིན་ཇིའི་མེ་གར་ཐེ་ཆར་མཆོག་སོགས་འཇོན་ཐང་ཧ་ལས་པའི་བུད་མེད་དབུ་ཁྲིད་དེ་འདྲ་བྱུང་ཡོད།
༢༤)དྲི་བ། ཨ་རིར་ཧི་ལེ་རི་ཁི་ལིན་ཊོན་མཆོག་ལྟ་བུ། འོན་ཀྱང་ཨ་རིར་ད་བར་བུད་མེད་སྲིད་འཛིན་བྱུང་མྱོང་མེད།
བཀའ་ལན། དེར་བརྟེན་ཤེས་ཡོན་ལས་ཕོ་མོ་འདྲ་མཉམ་བྱུང་། ད་ཆ་ཤེས་ཡོན་རྐྱང་པས་འདང་གི་མེད། ངོས་ཀྱིས་གོང་དུ་བརྗོད་པ་ལྟར་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་བྱ་རྒྱུ་ཧ་ཅང་དགོས་གལ་ཆེན་པོ་ཆགས་ཡོད། གནས་སྟངས་འདིའི་འོག་ལུས་པའི་གྲུབ་སྟངས་ཀྱི་ཆ་ནས་བུད་མེད་ལ་བྱམས་བརྩེའི་ནུས་པ་སྐྱེད་སྲིང་བྱེད་རྒྱུའི་ནུས་པ་ཆེ་བ་ཡོད་པ་ཚན་རིག་པ་ཁག་གཅིག་གིས་བརྗོད་བཞིན་ཡོད། གཞན་གྱི་སྡུག་བསྔལ་ལ་གདུང་སེམས་མཉམ་སྐྱེ་བྱ་རྒྱུའི་བསམ་བློ་བུད་མེད་ལ་ཤུགས་ཆེ་བ་ཡོད། དེར་བརྟེན་མིའི་བྱམས་པ་དང་བརྩེ་བའི་བསམ་བློ་གོང་མཐོར་གཏོང་རྒྱུའི་འགན་དེ་བུད་མེད་ཚོས་ཤུགས་ཆེ་བ་འཁྱེར་དགོས་པའི་དུས་ལ་བབ་ཡོད། འགྲོ་བ་མིའི་རིགས་ཀྱི་ནང་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ་དེ་དག་གོང་མཐོར་གཏོང་ཆེད་བུད་མེད་ཚོས་འགན་མང་ཙམ་འཁྱེར་དགོས། དེར་བརྟེན་བུད་མེད་ཁྲོད་འགོ་ཁྲིད་བྱེད་མཁན་དེ་སྔ་ལས་མང་བ་ཐོན་དགོས་པའི་དུས་ལ་བབ་ཡོད། དེ་འདྲ་བྱུང་ཚེ་འཛམ་གླིང་ནང་ཞི་བདེ་བརྟན་ལྷིང་ཡོང་རྒྱུ་རེད། མིའི་ལོ་རྒྱུས་ཁྲོད་དཔའ་བོ་ཟེར་སྐབས་ཕལ་ཆེར་སྐྱེས་པ་ཤ་སྟག་རེད། དཔའ་བོ་ཟེར་བ་དེ་ངོ་ཐོག་དམག་དཔོན་འདྲ་བྱས་ནས་མི་གསོད་མཁན་གྱི་ལག་དམར་བ་ཤ་སྟག་རེད། དེ་ཁྲོད་བུད་མེད་རེ་ཟུང་མ་གཏོགས་གཞན་ཚང་མ་སྐྱེས་པ་ཤ་སྟག་རེད། དེར་བརྟེན་ད་ཆ་བུད་མེད་ཚོས་ཕྲུ་གུ་བཙས་པ་དང་ནུ་ཞོ་སྟེར་ནས་རང་གི་ཕྲུ་གུ་ཙམ་ལ་བྱམས་བརྩེས་བསྐྱངས་ནས་མ་ཆོག་པར། འགྲོ་བ་མིའི་བྱམས་བརྩེའི་རིང་ཐང་དེ་དག་གོང་མཐོར་གཏོང་ཐབས་ཆེད་འགན་ཁུར་མང་ཙམ་ལེན་དགོས། རྒྱུ་མཚན་དེར་བརྟེན་དེ་སྔ་སྐབས་ཤིག་ལ་རྒྱལ་ས་པེ་རི་སིར་བུད་མེད་དུས་དེབ་ཀྱི་རྩོམ་སྒྲིག་པ་གཅིག་གིས་ངོས་ལ་བུད་མེད་རྟེན་ཅན་གྱི་ཏཱ་ལའི་བླ་མའི་ཡང་སྲིད་འབྱུང་སྲིད་དམ། ཞེས་འདྲི་སྐབས། ངོས་ཀྱིས། ངེས་པར་དུ་ཕེབས་སྲིད་པ་རེད། གལ་ཏེ་ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་རྟེན་ཅན་དུ་འཁྲུངས་པ་ཡིན་ན་མདོག་མཛེས་པོ་ཞིག་ལ་འཁྲུངས་རྒྱུ་རེད། དེ་དངོས་ཡོད་རེད། མདོག་ངན་པ་ཞིག་ལ་འཁྲུངས་རྒྱུ་མ་རེད། དེར་རྒྱུ་མཚན་ཡོད། ལྟ་གྲུབ་སོགས་ནས་འགྲེལ་བཤད་མི་དགོས་པར་དངོས་ཡོད་གནས་སྟངས་ཤིག་ཆགས་ཡོད།
༢༥)དྲི་བ། དེང་སྐབས་སུའང་ཆོས་ལ་བསྙད་ནས། བུད་མེད་དང་རིགས་མཐུན་འཁྲིག་སྤྱོད་ལ་ནན་གྱིས་ལྟ་ཚུལ་ཞན་པོ་འཛིན་བཞིན་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ། རིགས་མཐུན་འཁྲིག་སྤྱོད་དེ་མ་རུང་བ་ཞིག་རེད། ཅེས་འཛམ་གླིང་ཆོས་ལུགས་དབུ་ཁྲིད་ཚོས་ཡོངས་གྲགས་ཐོག་གསུང་དགོས་དོན་གང་ཡིན། གནད་དོན་དེ་དག་ཐད་སྐུ་ཉིད་ཀྱི་དགོངས་ཚུལ་གང་ཡིན།
བཀའ་ལན། དེ་མི་སྒེར་སོ་སོར་རག་ལུས་ཡོད། ཆོས་ཁས་ལེན་མཁན་ཚོས་སོ་སོའི་ཆོས་ནས་གང་གསུངས་པ་དང་། ཆོ་ག་ཕྱག་ལེན་ཇི་འདྲ་ཡོད་པ་དེ་དག་རྗེས་སུ་སློབ་རྒྱུ་དེ་གཙོ་ཆེ་བ་དང་། ཆོས་ཁས་མི་ལེན་མཁན་ཚོས་དེ་མཚུངས་རང་གི་བསམ་ཚུལ་ཐོག་འགྲོ་རྒྱུ་དེ་གལ་ཆེ། འདི་ངོས་ཀྱི་བསམ་ཚུལ་ཡིན།
༢༦)དྲི་བ། སྐུ་ཉིད་མཆོག་གིས་བོད་མིའི་ཆབ་སྲིད་དབུ་ཁྲིད་ནས་བགྲེས་ཡོལ་ཆ་ཚང་ཞུས་ཟིན། འོན་ཀྱང་བོད་མིའི་འདུ་ཤེས་ཁྲོད་སྐུ་ཉིད་མཆོག་ད་དུང་ཡང་བླ་ན་མེད་པའི་དབུ་ཁྲིད་གཅིག་དང་། བོད་མིའི་སྐུ་ཚབ་མཛད་ནས་ས་གནས་གང་སར་ཆིབས་སྒྱུར་བསྐྱངས་དང་སྐྱོང་བཞིན་ཡོད། ཉེ་ལམ་བོད་པའི་སློབ་མ་ལོ་ན་ ༡༦ སོན་པ་ཞིག་གིས་༸གོང་ས་མཆོག་སྐུ་ཚེ་བརྟན་པ་ཤོག ཅེས་འབོད་སྒྲ་སྒྲོག་བཞིན་རང་ལུས་མེར་སྲེག་བཏང་བ་མ་ཟད། བོད་ནང་དུའང་སྐབས་དེར་བོད་མི་དགེ་འདུན་པ་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད། དེར་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་འབྲང་པ་ཚོས་རང་ལུས་མེར་སྲེག་བརྒྱུད་སྐུལ་བྱས་ནས་བོད་མི་ནང་པ་ཚོའི་ཚེ་སྲོག་ལ་འགན་ཁུར་མཛད་ཀྱི་མེད་པའི་སྐྱོན་འཛུགས་བྱས་ཡོད། དེར་དགོངས་ཚུལ་གང་ཡོད། ཕྱོགས་མཚུངས་སྐུ་ཉིད་མཆོག་གིས་རང་ལུས་མེར་སྲེག་གནས་ཚུལ་བྱུང་འཕྲལ་སྐྱོན་བརྗོད་མཛད་ཀྱི་མི་འདུག ཅེས་སྐྱོན་བརྗོད་ཞུ་མཁན་ཡང་ཡོད། དེ་དག་ཐད་དགོངས་ཚུལ་གང་ཡོད།
བཀའ་ལན། ལོ་དུས་ངོས་ཀྱི་དྲན་མ་བྱུང་། བོད་ནང་རང་ལུས་མེར་སྲེག་ཐོག་མ་དེ་བྱུང་རྗེས་སྦི་སྦི་སི་གསར་འགོད་པ་གཅིག་གིས་ངོས་ལ་དེའི་སྐོར་འདྲི་སྐབས། ངོས་ཀྱིས། ཧ་ཅང་བློ་ཕམ་བྱུང་། འོན་ཀྱང་དེར་སྐྱོན་བརྗོད་བྱ་རྒྱུ་དེའང་ཧ་ཅང་དཀའ་ལས་ཁག་པོ་འདུག ཤུལ་ལུས་ནང་མི་སྤུན་མཆེད་ཚོས་ཏཱ་ལའི་བླ་མས་རང་སྲེག་ལས་འགུལ་དེར་སྐྱོན་བརྗོད་བྱས་འདུག ཅེས་ཤེས་པ་ཡིན་ན་ཧ་ཅང་བློ་ཕམ་ཡོང་ངེས་རེད། དེ་ཡང་མི་དགོས་པ་ཞིག་རེད། ཅེས་སྐབས་དེར་ལན་འདེབས་བྱས་པ་ཡིན། རང་ལུས་མེར་སྲེག་གཏོང་རྒྱུར་ངོས་ཀྱིས་བརྒྱུད་སྐུལ་ནམ་ཡང་བྱེད་མི་ཐུབ་པ་ནི་ཤེས་གསལ་རེད། དེ་ལས་ཁ་ཁུ་སིམ་པོར་གནས་ནས་རྒྱ་ནག་གཞུང་གིས་གང་བཤད་བྱེད་བཅུག་ན་ཡག་ཤོས་རེད།
༢༧)དྲི་བ། ཁུ་སིམ་མེར་བཞུགས་ཚེ་རང་ལུས་མེར་སྲེག་ལ་དངོས་སུ་རྒྱབ་སྐྱོར་མ་མཛད་ཀྱང་ཤུགས་ལ་དེར་མོས་མཐུན་མཛད་པའི་རྣམ་པ་ཞིག་ཆགས་རྒྱུ་མ་རེད་དམ། དེའི་བརྡ་ལན་ལོག་པ་ཞིག་སྤྲོད་མི་སྲིད་དམ། དེ་ལས་སྐྱོན་བརྗོད་ཤུགས་ཆེ་ཙམ་མཛད་པ་ཡིན་ན་ཕན་རླབས་མི་ཆེའམ།
བཀའ་ལན། དྲི་བ་འདིར་ཆབ་སྲིད་ཀྱི་གནད་དགག་ཧ་ཅང་ཆེན་པོ་ཡོད། ད་ཆ་ངོས་རང་བན་རྒན་ལྟ་བུ་ཆགས་ཡོད། བན་རྒན་གཟོབ་པོ་བྱས་ནས་བསྡད་ན་ཡག་རྒྱུ་རེད། ཅེས་བཀའ་ལན་སྩལ།།