༢༠༡༦ ཟླ་ ༤ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༨ ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་ཆོས་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་ Archbishop Desmond Tutu མཆོག་རྣམ་གཉིས་ཀྱིས་དབུས།
ནང་པ་དང་ཡི་ཤུ། ཁ་ཆེ། ཧིན་དུ། ཇིའུ། སིག་སོགས་འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་ཁག་གི་དབུ་ཁྲིད་བླ་ཆེན་ ༢༧༠ ཐུན་མོང་གིས། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཛ་དྲག་གིས་སེལ་དགོས་པའི་ལས་འགུལ་ཐོག་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་ཕྱར་གྲུ་མཉམ་འདེགས་གནང་དགོས་པའི་ཐུན་མོང་གི་བསྒྲགས་གཏམ་ཞིག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་ཚན་པའི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ཁི་རི་སི་ཊི་ན་ཕི་གྷོ་རེ་ Christiana Figueres མཆོག་ལ་ཕུལ་ཡོད་འདུག
ཐེངས་འདིར་ཆོས་ལུགས་དབུ་ཁྲིད་རྣམ་པས་བསྒྲགས་གཏམ་དེ་འདྲ་ཞིག་སྤེལ་གནང་མཛད་དགོས་པའི་རྒྱུ་མཚན་ནི། ཕྱི་ཟླ་ ༤ ཚེས་ ༢༢ ཉིན་རྒྱལ་ཁབ་མང་པོའི་དབུ་ཁྲིད་རྣམས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ལྷན་འཛོམས་གནང་ནས་དེ་སྔ་རྒྱལ་ས་པེ་རི་སིར་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སྐབས་བཞག་པའི་གྲོས་ཆོད་ཁག་ལག་བསྟར་གནང་མིན་ཐད་རྒྱལ་ཁབ་སུ་དང་སུས་མཚན་རྟགས་འགོད་རྒྱུའི་མཛད་སྒོ་ཞིག་འཚོགས་རྒྱུ་ཡིན་པར་བརྟེན། གོ་སྐབས་དམ་འཛིན་ཐོག་ཐེངས་འདིར་འབོད་སྐུལ་གྱི་བསྒྲགས་གཏམ་འདི་སྤེལ་གནང་མཛད་པ་ཞིག་ཡིན་འདུག དེ་ཡང་བསྒྲགས་གཏམ་དེའི་ནང་འཁོད་དོན།
འཛམ་གླིང་སའི་གོ་ལ་འདི་གཅེས་སྐྱོང་བྱ་རྒྱུ་ནི། ང་ཚོའི་ཐུན་མོང་གི་ལས་འགན་ཞིག་ཡིན་པར་བརྟེན་ང་ཚོ་མི་རེ་ངོ་རེར་གོ་ལ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་རྒྱུའི་བཟང་སྤྱོད་ཀྱི་ལས་འགན་ཞིག་ཡོད། འགྲོ་བ་མི་རིགས་སྤྱིའི་གནས་སྟངས་ནི། ད་ལྟའི་སྐབས་འགག་རྩའི་གནས་སྟངས་ཤིག་ལ་མངོན་དུ་ཕྱོགས་ནས་བསྡད་ཡོད། ད་ཆ་ཁོར་ཡུག་འབག་བཙོག་བཟོ་མཁན་ས་འོག་གི་རྡོ་སོལ་སོགས་བཀོལ་མཚམས་བཞག་ནས། གཙང་ལ་བསྐྱར་གསོ་ཐུབ་པའི་ནུས་ཤུགས་ཐོན་སྐྱེད་བསྐྲུན་ཐབས་ཆེད་གོམ་པ་སྤོ་འགོ་འཛུགས་དགོས་པའི་དུས་ལ་བབ་པར་ང་ཚོ་ཆོས་པའི་སྒྲིག་འཛུགས་ངོས་ནས་ངོས་འཛིན་དེ་འདྲ་ཞིག་ཞུ་བཞིན་ཡོད། མི་མང་པོ་ཞིག་གིས་རང་གི་མི་ཚེ་སྐྱེལ་སྟངས་ལ་འགྱུར་བ་ཤུགས་ཆེ་གཏོང་དགོས་པ་དེ་ཧ་ཅང་གསལ་པོ་ཡིན། བག་མེད་ལོངས་སྤྱོད་ཀྱི་འཚོ་བ་སྐྱེལ་སྟངས་འདིས་སྣོད་བཅུད་གཉིས་ཀར་ཉམས་རྒུད་གཏོང་བཞིན་ཡོད་སྟབས། ང་ཚོས་དེ་ལས་གཞན་པའི་ཐབས་ལམ་ཞིག་འཚོལ་ཐབས་བྱེད་དགོས།
སྣོད་བཅུད་རྟེན་འབྲེལ་གྱི་འབྲེལ་ལམ་དམ་ཟབ་ཡོད་པ་དེར་ང་ཚོས་བསམ་བློ་ནན་ཏན་གཏོང་དགོས་པ་དང་། སྣོད་ཀྱི་འཇིག་རྟེན་འདི་ང་ཚོའི་འདོད་དབང་ལྟར་ཚད་ལས་བརྒལ་བ་བག་མེད་དུ་བཀོལ་ཆེད་མིན་པར་མི་རབས་ནས་རྒྱུད་པའི་རྩ་ཆེའི་སྡོད་ཁང་ཞིག་ཡིན་སྟབས། ང་ཚོས་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས། ང་ཚོ་གཤམ་དུ་མིང་རྟགས་འགོད་མཁན་གྱི་ཆོས་པ་ཚོས་ཆོས་ཀྱི་འདུ་ཤེས་ལ་བརྟེན་ནས་བྱུང་བའི་ཐུན་མོང་གི་རེ་བ་གཅིག་གྱུར་འདིའི་ཐོག་ཆབ་སྲིད་དབུ་ཁྲིད་རྣམ་པས། དེ་སྔ་པེ་རི་སིར་ཁས་ལེན་གནང་བ་ལྟར། གོ་ལ་གཅེས་སྐྱོང་གི་ཐབས་ལམ་དང་འདུན་པ། དེ་བཞིན་ཆོད་སེམས་གང་བཅངས་པ་དེ་དག་མི་རབས་འདི་ཙམ་མ་ཟད། འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་དུ་གོ་ལ་འདི་སྲུང་སྐྱོབ་ཆེད་ལག་བསྟར་དོན་འཁྱོལ་གནང་རྒྱུར་ཡིད་ཆེས་ཞུ་བཞིན་ཡོད། ཅེས་འཁོད་པ་མ་ཟད།
གཞན་ཡང་བསྒྲགས་གཏམ་ནང་། སྲིད་གཞུང་ཁག་གིས་ལག་བསྟར་གནང་དགོས་པའི་རེ་འདུན་དོན་ཚན་དྲུག་བཏོན་ནས་ནམ་མཁར་ཚ་དྲོད་སྤེལ་བྱེད་ཀྱི་དུག་རླངས་ཉུང་དུ་གཏོང་དགོས་པ་དང་། ཕྱི་ལོ་ ༢༠༥༠ མཚམས་བར་གཙང་ལ་བསྐྱར་གསོ་ཐུབ་པའི་ནུས་ཤུགས་ཐོན་སྐྱེད་བརྒྱ་ཆ་བརྒྱ་ནས་བརྒྱ་བསྐྲུན་ཐུབ་པ་དགོས་རྒྱུ་མ་ཟད། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཐན་པ་དང་། ཚ་དྲོད་ཧ་ཅང་རྒྱས་པ། ཉེན་ཚབས་ཆེ་བའི་ཆར་རླུང་། དེ་བཞིན་རྒྱ་མཚོའི་མཐོ་ཚད་རྒྱས་ནས་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་རོགས་རམ་ཞལ་འདེབས་གནང་དགོས་སྐོར་བཅས་འཁོད་འདུག །