༢༠༡༦ ཟླ་ ༤ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༦ ཉིན་རྡ་སའི་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྤྱི་ ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྐབས་དང་པོའི་གཙུག་ལག་རབ་འབྱམས་པ་དང་སྐབས་བཅོ་ལྔ་པའི་མཐོ་རིམ་རིག་གནས་རབ་འབྱམས་པ། དེ་བཞིན་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་དགེ་བཤེས་བཅས་ཀྱི་བསླབ་པ་མཐར་སོན་གསུམ་འཛོམས་ཀྱི་མཛད་སྒོར་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཆོས་དོན་དང་ཤེས་རིག་བཀའ་བློན་རྣམ་པ་གཉིས་ཀྱིས་མཚོན་པའི་རིག་སློབ་མ་ལག་གཉིས་ཀྱི་དབུ་འཛིན་ཚོ་དང་དགེ་རྒན་ཚོ་དང་ཐུགས་ཁུར་བཞེས་མཁན་ཚོ་རེད། ཕྱོགས་མཚུངས་སློབ་སྦྱོང་ཐོན་ནས་ལག་ཁྱེར་བཞེས་མཁན་རྣམ་པ་ཚོ་རེད། དེ་བཞིན་འདིར་སློབ་སྦྱོང་བྱེད་བཞིན་པ་ཚོ་དང་། དེ་མིན་འདིར་ལོ་མང་རིང་ལ་བོད་པར་ཤ་ཚ་དང་ཤ་ཚ་བ་ཙམ་མིན་པར་བོད་པའི་མི་རིགས་ཀྱི་རིག་གཞུང་དང་བོད་མི་རིགས་ཀྱི་སྙིང་སྟོབས་ལ་དགའ་ཞེན་བསླེབས་ནས་རོགས་བྱེད་མཁན་སྦྱིན་བདག་བཅས་ཚང་མར་ཞུ་རྒྱུར། དེ་རིང་འདིར་ང་ཚོ་འབྲེལ་ཡོད་མི་སྣ་མང་པོ་ཞིག་འདིར་འདུས་ནས་ཡོད།
ཐོག་མར་གོང་དུ་ཤེས་རིག་བཀའ་བློན་གིས་གསུངས་པ་བཞིན་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་མང་པོ་ཞིག་ལྷ་ས་ནས་བྲོས་ཡོང་བ་རེད། ངོས་རང་ཡང་དེ་གྲས་ཤིག་རེད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་མོར་ལྷ་སར་སྡོད་རྒྱུའམ་ཡང་ན་བྲོས་རྒྱུ་གཉིས་འདམ་ཁ་ལྟ་བུ་ཆགས་ནས་གནས་ཚུལ་ཛ་དྲག་པོ་ཆགས་ཡོད། དེར་བརྟེན་ལྷ་ས་ནས་བྲོས་ཡོང་བ་རེད། ནོར་བུ་གླིང་ག་ནས་ལྷ་སའི་ཆུ་ཚོད་ ༡༠ ཏག་ཏག་ལ་ཐོན་ཡོང་བ་ཡིན། ལྷ་སའི་གཙང་པོ་བརྒལ་ནས་ར་མ་སྒང་ཁར་ཐུག་ནས་མར་ཐོན་ཡོང་སྐབས་གཙང་པོའི་ཕར་ཕྱོགས་དེར་ནོར་སྟོད་གླིང་གའི་རྒྱུད་ཀྱི་དམག་སྒར་ཞིག་ཡོད། དེར་བརྟེན་སང་ཉིན་ཉི་མ་འཆར་བ་མཐོང་རྒྱུ་ཡོང་ངམ་མི་ཡོང་ལྟ་བུ་བྱས་ནས། གང་ལྟར་འཆི་དང་གསོན་ཐེ་ཚོམ་ལྟ་བུའི་སྒང་ལ་བྲོས་ཡོང་བ་རེད། སང་ཉིན་དེར་ལ་ཞིག་ཡོད་པ་དེ་རྒྱབ་ནས་ཡོང་སྐབས་འཕྲལ་སེལ་ཉེན་ཁ་ཡོང་བ་མི་འདུག་བསམས་པ་བྱུང་། དེ་འདྲ་བྱས་ནས་བྲོས་ཡོང་བ་རེད། ལ་དེའི་སྒང་དེར་བསླེབས་སྐབས་ལྷ་ས་མཇལ་རྒྱུའི་ས་ཆ་མཐའ་མ་དེ་འཁེལ་ཡོད། ཅེས་སྐབས་དེར་ས་གནས་ཡུལ་མི་ཞིག་གིས་རྟ་གཅིག་འཁྲིད་ནས་ལ་དེའི་རྩེ་ནས་ལྷ་སའི་ཕྱོགས་ལ་ཁ་བསྒྱུར་ནས་རྩེ་ཕོ་བྲང་མངོན་གསལ་དོད་པོ་ཡོད། ལྷ་ས་གྲོང་ཁྱེར་དང་རྩེ་ཕོ་བྲང་མཇལ་རྒྱུ་གནས་སྐབས་རིང་དུས་སྐབས་མཐའ་མ་དེ་ཆགས་ཡོད། དེ་ནས་ཕྱིར་ཕྱིར་བལྟས་ཤིག་སློག་ནས་ནམ་ཞིག་བསླེབ་ཡོང་བསམས་པ་བྱས་ནས་ཐོན་ཡོང་བ་རེད། གོང་དུ་ཤེས་རིག་བཀའ་བློན་གིས་གཅིག་ལབ་པ་རེད། ལྷ་སའི་ཟིང་འཁྲུག་ལང་སྐབས་དེར་རྡོརྗེ་ལྡན་དང་ཀ་སྦུག་ཁུལ་དུ་ཡོད་པའི་བོད་རིགས་ཚོའི་ལག་ཁྱེར་བསྡུ་རྒྱུའི་སྐད་ཆ་བྱུང་བ་དེ་དག་ངོས་རང་ཕྱིས་སུ་ ༡༩༥༩ ལོར་རྒྱ་གར་ཕྱི་སྲིད་ལས་ཁུངས་ནང་གི་དྲུང་ཆེ་གཞོན་པའི་གྲས་ཕལ་ཆེར་རེད།
ཇ་ག་ཏ་མེ་ཏ་ Jagat Mehta ཞུ་བ་ཁོང་སྐབས་དེར་ཁོང་རྐང་བྱེད་མཁན་ལྟ་བུ་ཞིག་རེད། ཕལ ཆེར་ཕྱི་ལོ་ ༡༩༨༠ སྐབས་ཁོང་རང་རྒས་ཡོལ་ཆགས་ནས་དགུང་ལོ་ ༨༠ ཙམ་སོན་པ་འཆི་རན་པའི་བཟོ་འགྲ་པོ་རེད། ཁྱར་ཁྱོར་བྱ་ནས་རྡ་རམ་ས་ལར་ངོས་རང་ཐུག་ཏུ་བསླེབས་བྱུང་།
དེ་དུས་ཁོང་གིས་ངོས་ལ། ཕྱི་ལོ་ ༡༩༥༩ ལོར་ཏཱ་ལའི་བླ་མ་ལྷ་ས་ནས་བྲོས་འདུག ཅེས་གནས་ཚུལ་འདི་ལྡི་ལིར་འབྱོར་བའི་སྐབས་སུ། རྒྱ་གར་གཞུང་གི་བཀའ་བློན་ལྷན་རྒྱས་སར་བདེ་སྲུང་བཀའ་བློན་ཀྲིཤྣཱ་མི་མོན་ Krishna Menon གྱིས། ཏཱ་ལའི་བླ་མ་རྒྱ་གར་དུ་གཏོང་རྒྱུ་མེད། དེས་རྒྱ་དཀར་ནག་གྱི་འབྲེལ་ལམ་ལ་གནོད་རྒྱུ་རེད། ཅེས་བསམ་འཆར་འདི་བཤད་པར་སྲིད་བློན་ནེ་རུ་མཆོག་གིས་སྐབས་དེར་དེ་འདྲ་བྱས་ན་འགྲིག་གི་མ་རེད། ཏཱ་ལའི་བླ་མ་ང་ཚོས་ངེས་པར་དུ་སྐྱབས་བཅོལ་དུ་ལེན་དགོས། ཞེས་ནེ་རུ་རང་གིས་ཐག་བཅད་སོང་། ཞེས་སྐབས་དེ་དུས་ཀྱི་དངོས་ཡོད་གནས་ཚུལ་ཁོང་གིས་མཐོང་ཡོད་སྟབས། འདི་ང་རང་མ་འཆི་གོང་ཏཱ་ལའི་བླ་མས་དངོས་ཡོད་གནས་ཚུལ་གང་བྱུང་བ་འདི་མཁྱེན་པ་བྱུང་ན་བསམས་ནས་ཆེད་མངགས་རྡ་སར་ཡོང་ནས་གནས་ཚུལ་བརྗོད་རྒྱུ་ཡིན་ཟེར་བྱུང་། དེ་ནས་མགྱོགས་པོ་གྲོངས་པ་རེད། དེར་བརྟེན་ད་ལྟ་ཤེས་རིག་བཀའ་བློན་གྱིས་ལབ་པའི་སྐད་ཆ་འདི་དང་འབྲེལ་བ་ཆེན་པོ་འདུག
དེ་དུས་རྒྱ་གར་གཞུང་གིས་སྔོན་ལ་རྒྱ་དཀར་ནག་གི་འབྲེལ་ལམ་དེ་གལ་ཆེན་པོ་ཞིག་ལ་འཛིན་ཡོད། ཡིན་དང་ཡིན། བཀའ་ཤག་ལྷན་རྒྱས་ནང་བདེ་སྲུང་བཀའ་བློན་ཟེར་དུས་ཧ་ཅང་གལ་ཆེན་པོ་རེད། གནས་ཚུལ་དེ་ལྟར་བྱུང་བ་རེད། གང་ལྟར་དེ་ནས་ང་ཚོ་ཀེན་ཛ་མ་ནི་ས་མཚམས་སུ་འབྱོར་སྐབས་ཉེན་ཁ་ཆ་ཚང་གྲོལ་བ་རེད། ཐོག་མར་ང་ཚོ་ཕར་ནས་བྲོས་ཡོང་སྐབས་གཡུལ་རྒྱལ་ལྷུན་རྩེར་རྟེན་འབྲེལ་ལྟ་བུ་ཞིག་བྱས། དེ་ནས་ཚུར་བྲོས་ཡོང་དུས་སྔོན་ལ་རྒྱ་གར་དུ་ལམ་སང་ཁར་ཐུག་འགྲོ་ཐུབ་ཀྱི་ཡོད་དམ་མེད། ཅེས་ཐེ་ཚོམ་བཟོ་འདྲ་བོ་ཞིག་ང་ཚོར་བྱུང་བ་རེད།
གལ་ཏེ་རྒྱ་གར་གཞུང་གིས་རྒྱ་གར་ས་མཚམས་སུ་འགྲོ་རྒྱུར་བདེ་མ་བདེ་ལྟ་བུ་ཆགས་པ་ཡིན་ན། འབྲུག་ལ་འགྲོ་རྒྱུར་ཐབས་ཤེས་བྱེད་རྒྱུ་མེད་དམ། ཞེས་ཆིབས་ཞབས་ཁོངས་ནས་གཞུང་ཞབས་ཁག་གཅིག་འབྲུག་གི་ས་མཚམས་སུ་བཏང་བ་ཡིན། ཁག་གཅིག་མོན་གྱི་ས་མཚམས་སུ་བཏང་བ་རེད། ང་ཚོས་ད་ཆ་གང་འདྲ་བྱས་ཡོང་བསམས་པའི་ཐེ་ཚོམ་བྱུང་། ཕྱིས་སུ་མོན་ས་མཚམས་སུ་འགྲོ་མཁན་ཁོང་ཚོས། རྒྱ་གར་གཞུང་གི་ས་གནས་ལས་བྱེད་ཚོས་ཨང་གསར་བྱས་ནས་བསྡད་འདུག དཀའ་ངལ་གང་ཡང་མི་འདུག ཅེས་ལན་འབྱོར་བ་དང་། བློ་བདེ་བོ་བྱས་ནས་རྒྱ་གར་དུ་འབྱོར་བ་རེད།
དེ་ནས་རིམ་པས་ངོས་རང་རྒྱ་གར་གཞུང་གིས་གྲ་སྒྲིག་བྱས་ཏེ་མ་སུ་རིར་འབྱོར་བ་རེད། བོད་མི་དང་། བཀའ་ཤག བཀའ་བློན་རྣམ་པས་མཚོན་པའི་གཞུང་ཞབས་གང་ཙམ་ཞིག་ངོས་དང་མཉམ་དུ་ཡོད། དེ་ནས་རིང་པོར་མ་ཐོག་པར་བོད་མི་མང་པོ་ཞིག་ཛ་དྲག་ཐོག་ནས་ནོར་བུ་གླིང་ཁ་དང་ལྷ་སར་དྲག་གནོན་སོགས་བྱས་པར་བརྟེན། ཛ་དྲག་དང་དངངས་སྐྲག་ཐོག་བྲོས་ཡོང་སྟེ། མང་པོ་ཞིག་ལམ་བར་དུ་མ་མཐར་ནས་དཀའ་ངལ་ཧ་ཅང་འཕྲད་པ་རེད། དེ་ནས་མེ་ས་མ་རིར་འབྱོར་བ་རེད། དེའི་ཚེ་དེའི་དུས་སུ་ང་ཚོ་ལོ་ ༣༠།༤༠།༥༠ རྗེས་སུ་འདི་འདྲ་ཞིག་ཡོང་རྒྱུ་རེད་སེམས་པ་བསམ་བློའི་ནང་མེད། གང་མགྱོགས་བོད་དུ་ཕྱིར་ལོག་རྒྱུ་མི་ཡོང་ངམ་བསམས་པ་མ་གཏོགས་གང་ཡང་མེད།
གདན་སའི་མཁན་པོ། དགེ་བཤེས་མཚོན་པའི་མེ་ས་མ་རིར་འབྱོར་བཞུགས་པ་དང་། སྦག་སར་འབྱོར་པ་དེ་དག་ཚང་མས་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པར་སྐྱབས་མེད་མགོན་མོད་རང་བྱས་ནས་བསྡད་པ་ཡིན། དེ་ནས་ང་ཚོར་མ་སུ་རིར་བསླེབས་ནས་ལས་ཀ་རིམ་པ་དང་པོ་ནི། བཙན་བྱོལ་དུ་བོད་མི་མང་པོ་ཞིག་སླེབས་ཡོད། དེ་དུས་ང་ཚོས་སྐྱབས་བཅོལ་ཞེས་མིང་ཚིག་ཐོག་ནས་སྐྱབས་བཅོལ་ཟེར་གྱི་ཡོད། ང་ཚོ་སྐྱབས་བཅོལ་བ་ཁོ་ན་མིན། སྐྱབས་བཅོལ་ཟེར་དུས་ལུང་པར་མུ་གེ་བྱུང་ནས་ལུང་པ་གཞན་དུ་སྐྱབས་བཅོལ་བར་ཡོང་གི་ཡོད། ང་ཚོ་བཙན་དབང་ཐོག་ནས་གནས་ས་མེད་པར་ཆགས་ཏེ་ཡུལ་བྱོལ་དུ་ཕྱིན་པ་ཡིན་སྟབས། ང་ཚོའི་མིང་འདི་བཙན་བྱོལ་ཞེས་མིང་བཏགས་ཀྱི་ཡིན། ཞེས་དེ་དུས་ང་ཚོས་མིང་འབོད་ཕྱོགས་ཁོ་རང་སྐྱབས་བཙོལ་ཞེས་ནམ་རྒྱུན་སྤྱིར་བཏང་གི་མིང་ཚིག་ཡོད། ང་ཚོས་འདི་དགོས་པ་རྒྱུ་མཚན་དུ་བྱས་ནས་བཙན་བྱོལ་ཞེས་མིང་དེ་དུས་བཏགས་པ་རེད། དེ་ནས་མེ་ས་མ་རིར་བོད་མི་གང་ཙམ་ཡོང་གི་ཡོད། དེ་བཞིན་འབྲུག་ནང་གང་ཙམ་བསླེབས་ཡོད། ཕྱིས་སུ་སྦག་སར་འབྱོར་ཡོད། སྔོན་ལ་ཛ་དྲག་ཐོག་དེ་དག་ལ་ལྟ་རྟོགས་བྱེད་རྒྱུ་དང་། མེ་ས་མ་རིར་ཕྱི་ཟླ་བཞི་པའི་ནང་ཚ་བ་ཡར་འབར་བཞིན་པའི་སྐབས་ཡིན་སྟབས། སྔོན་དུ་ཛ་དྲག་གིས་ས་བསིལ་སར་འགྲོ་རྒྱུའི་ཐབས་ཤེས་འདུག་གམ་མི་འདུག དེ་དག་ལོ་རྒྱུས་ཀྱི་བཟོ་འདྲ་བོ་བཤད་དགོས་རྒྱུ་མི་འདུག་སྟེ།
གང་ལྟར་ཕྱི་ལོ་ ༡༩༥༩ ལོར་ང་ཚོར་ཛ་དྲག་གི་གནས་ཚུལ་འདི་ལྟ་བུ་ཞིག་གི་གནས་སྟངས་འོག་ནས་གང་འདྲ་ཞིག་ཆགས་ཡོང་བསམ་པའི་གཡང་ང་ཟ་ནས་སྡོད་རྒྱུ་མ་གཏོགས་ཚོད་ཐིག་རྒྱུ་གང་ཡང་མེད། དེ་ནས་རིམ་པས་གཙོ་ཆེ་རྒྱ་གར་གཞུང་གི་རོགས་རམ་དང་། ངོས་རང་མ་སུ་རིར་འབྱོར་ནས་ཉིན་གཉིས་གསུམ་ལས་མ་སོང་ཡང་ཕྱི་ཟླ་ ༤ ཟླ་མཇུག་ཏུ་རེད། ངོས་རང་ཕྱི་ཟླ་ ༤ ཟླ་སྨད་དེར་མ་སུ་རིར་འབྱོར་བ་རེད། སྐབས་དེར་ནེ་རུ་མ་སུ་རིར་ཡོད་པའི་རྒྱ་གར་གཞུང་གི་སློབ་གྲྭ་ཞིག་ཏུ་གཟིགས་སྐོར་དང་རྐང་ངོས་རང་ཐུག་ཏུ་ཕེབས་པ་རེད། སྐབས་དེར་ནེ་རུ་མཇལ་བ་རེད། དེ་ནས་ནེ་རུ་ངེད་གཉིས་ཐེངས་ཇི་ཙམ་གྲངས་ཀ་ཏག་ཏག་གཅིག་དྲན་གྱི་མི་འདུག གང་ལྟར་ཐེངས་ ༡༥།༢༠ ཐུག་ཡོད། ཚར་མང་པོ་ཐུག་རྒྱུ་བྱུང་ཡོད། སྐབས་རེ་ནེ་རུ་ངོས་གཉིས་ཧ་ཅང་ནང་ཚགས་ཆགས་ཀྱི་ཡོད། ཕྱི་ལོ་ ༡༩༥༦ ནས་ཧ་ཅང་ངོ་ཤེས་རེད། ཐོག་མར་ནེ་རུ་ཐུག་རྒྱུ་དེ་ཕྱི་ལོ་ ༡༩༥༤ ལོར་པེ་ཅིང་དུ་ཐུག་པ་ནས་བཟུང་སྟེ་ངོ་ཤས་ནང་ཚགས་ཧ་ཅང་ཆགས་ནས་སྐབས་རེ་ནེ་རུར་བཀའ་མོལ་ཞུ་སྐབས་ཏོག་ཙམ་འགལ་འདུ་ལྟ་བུ་ཆགས་སྐབས་ནེ་རུ་སྐུ་རླུང་བཞེངས་ནས་ལྕོག་རྩེའི་སོགས་ཀྱི་སྟེང་ཁུ་ཚུར་སྣུན་པ་སོགས་གནང་གི་ཡོད། ངེད་གཉིས་ཧ་ཅང་འཆམ་པོ་ཡོད། དངོས་གནས་ཤ་ཚ་ལྡན་པའི་འབྲེལ་བ་ཞིག་ཆགས།
དེ་འདྲ་བྱས་ནས་ང་ཚོ་བོད་མི་རྣམས་སྤྱིར་སྟངས་ཀྱི་སྐྱབས་བཅོལ་བ་ལྟར་འཕྲལ་སེལ་གྱི་འཚོ་ཐབས་འགྲིག་ཙམ་མིན་པར། རང་དབང་ལུང་པའི་ནང་མི་རིགས་གཅིག་གསོ་སྐྱོང་བྱེད་པ་ལྟ་བུ་བྱས་ཏེ་གཞིས་ཆགས་ཁག་འཛུགས་རྒྱུ་དང་གལ་ཆེ་ཤོས་བོད་པའི་སློབ་གྲྭ་ཁག་ཟུར་དུ་འཛུགས་རྒྱུ་སོགས་གཙོ་ཆེ་ཤོས་ནེ་རུས་འགན་བླངས་ཏེ་འདི་ལྟར་གནང་བ་ཞིག་རེད། དེ་ལྟར་ཕྱི་ལོ་ ༡༩༥༩ ལོར་ང་ཚོ་སྐྱབས་བཅོལ་བ་ཆགས་སྐབས་འདི་འདྲ་ཞིག་ཡོང་གི་རེད་བསམས་པའི་ཧ་ལམ་ཚོད་དཔག་ཁྱོན་ནས་བྱེད་མ་ཐུབ་རྒྱུ་དང་ཧ་ལམ་རྨི་ལམ་ནང་དུའང་མེད་པ་ཞིག་ད་ཆ་ང་ཚོ་ལོ་ ༥༧ ཕྱིན་པའི་རྗེས་སུ་གང་ཙམ་ཚགས་ཚུད་དང་བོད་མི་བཙན་བྱོལ་བ་བརྗོད་སྐབས། སྒྲིག་འཛུགས་གོང་བུ་ཞིག་ཆགས་ཏེ་བསྡད་ཡོད། ད་རེས་འབྲེལ་ཡོད་བྱས་ནས་བརྗོད་རྒྱུ་ཡིན།
ལོ་ཡུན་ལོ་ངོ་བཅུ་ཕྲག་ལྔ་ལྷག་ཙམ་གྱི་རིང་ང་ཚོ་ཡར་རྒྱས་ཕྱིན་པ་འདི་ད་ལྟ་ཁྱེད་རང་ཚོ་འདིར་ཡོད་པའི་མི་ཐོག་འདི་གཅིག་པུས་བྱུང་བ་ཞིག་མིན། འདས་ཟིན་པའི་མི་རབས་རྒན་པ་ཚོས་དཀའ་ལས་བརྒྱབ་སྟེ། དེང་དུས་ཀྱི་ཤེས་ཡོན་དང་གནས་ཚུལ་གང་ཡང་ཤེས་ཀྱི་མེད་ཀྱང་ལྷག་བསམ་རི་བཙུགས་པ་བཞིན་དང་སྒེར་སེམས་ཁྱོན་ནས་མེད་པར་ཧུར་ཐག་འབད་ཐག་བྱས་ནས་བསྡད་པ་རེད། དེ་འདྲའི་འོག་ལས་ཀ་བྱས་ནས་གྲུབ་འབྲས་རིམ་བཞིན་མི་རབས་སྔ་མ་སྔ་མས་དཀའ་ལས་བརྒྱབ་སྟེ་རྨང་གཞི་བཙུགས་པ་དེ་རིམ་པས་མི་རབས་རྗེས་མ་རྗེས་མས་དེའི་མཇུག་ཡར་སྐྱེལ་ནས་ང་ཚོ་ཡར་རྒྱས་ཕྱིན་པ་རེད། དེར་བརྟེན་དེ་རིང་གི་ཉིན་མོ་འདི་གྲ་སྒྲིག་པོ་དང་གྲ་རྒྱས་པོ་ཡོད་པ་མཐོང་དུས་ང་ཚོའི་མི་རབས་སྔ་མས་དཀའ་ལས་བརྒྱབ་པ་དེ་ད་ལྟ་མིང་ཙམ་ལྷག་ཡོད་པ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ང་ཚོ་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་ཡིན་དུས་ཁོང་ཚོར་སྨོན་ལམ་ཞིག་མེད་ནའང་བརྒྱབ་དགོས་པ་ཞིག་ཆགས་ཡོད། དེའི་ནང་མཚན་ཉིད་སློབ་དཔོན་བསད་པ་དེ་ཡང་ཡོད། ཁོང་གིས་དཀའ་ལས་ཧ་ཅང་བརྒྱབ་ཡོད། ཧུར་ཐག་འབད་ཐག་བྱས་ཡོད། ང་ཚོས་མི་རབས་རྒན་པ་དེ་དག་གིས་བྱེད་རྗེས་བློ་ཡུལ་ལ་འཆར་བའི་ཐོག་ནས་ཁོང་རྣམ་པའི་བཀའ་དྲིན་རྗེས་སུ་དྲན་དགོས། སྐབས་སུ་བབས་པ་གཅིག་བཤད་འདོད་བྱུང་། ད་ལྟ་བཤད་མ་ཐག་པ་བཞིན་རེད། ང་ཚོ་ཐོག་མར་བཙན་བྱོལ་ལ་འབྱོར་སྐབས་ང་ཚོར་འཕྲལ་སེལ་གྱི་སྔོན་ལ་སྡོད་གནས་དང་བཟའ་རྒྱུ་འཐུང་རྒྱུ་སོགས་སྐྱོབ་གསོའི་ཐོག་ནས་འཚོ་རྒྱུའི་བསམ་བློ་བཏང་བ་རེད། དེ་ནས་ཤེས་ཡོན་གལ་ཆེར་རྩིས་ཏེ་སློབ་གྲྭ་ཁག་འཛུགས་རྒྱུ་དང་དེ་ནས་མི་རབས་གཅིག་གཉིས་འགོར་ན་གཞིས་ཆགས་ཁག་འཛུགས་རྒྱུ་བྱས་པ་རེད།
དེ་དུས་བོད་པ་ཞེས་ཟུར་གསལ་ལྟ་བུ་ཡོད་པ་དེ་ང་ཚོར་སོ་སོའི་སྐད་ཡིག་ཡོད། དེ་དང་འབྲེལ་བའི་སངས་རྒྱས་པའི་ཆོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ང་ཚོར་ལོ་ངོ་སྟོང་ཕྲག་རིང་ལ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེའི་བཀྲིན་དང་ཞི་འཚོ་ཡབ་སྲས་ཀྱི་ཐུགས་རྗེའི་བཀྲིན་ལ་བརྟེན་ནས་གཞུང་ཆེན་དེ་དག་ལ་སློབ་གཉེར་བྱས་ནས་གང་ལྟར་ཤེས་ཡོན་གཅིག་ཡོད། བོད་མིའི་སྤྱི་ཚོགས་མང་ཆེ་བར་མེད་ཀྱང་བཤད་གྲྭ་ཁག་དེ་དག་ནང་དངོས་གནས་རང་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་གོང་དུ་འདོན་རྒྱུའི་ནཱ་ལེནྡྲའི་པཎ་གྲུབ་ ༡༧ དེ་དག་གི་གཞུང་དེ་དག་གི་བརྒྱུད་པ་འཛིན་མཁན་ཞིག་ང་ཚོ་ཆགས་ཡོད། དེར་བརྟེན་ང་ཚོས་སོ་སོའི་སྐད་ཡིག་ནང་བརྗོད་བྱ་རླིང་པོ་དེ་འདྲ་ཞིག་སོ་སོ་རང་གི་སྐད་ཡིག་ཐོག་ནས་རང་མགོ་ཆ་ཚང་འདོན་ཐུབ་པ་ཞིག་ཡོད་སྟབས་དེ་དག་ང་ཚོས་བདག་པོ་བརྒྱབ་ནས་མི་རིགས་གཅིག་གི་འཕྲལ་སེལ་གྱི་རང་དབང་ལུང་པའི་ནང་བསླེབས་ནས་སོ་སོ་རང་མགོ་ཐོན་ཙམ་མིན་པར་ང་ཚོར་མི་རིགས་ཀྱི་རིག་གཞུང་ཞིག་ཡོད་པ་འདི་ང་ཚོས་རང་དབང་ལུང་པའི་ནང་མུ་མཐུད་ནས་འཛིན་སྐྱོང་ཐུབ་རྒྱུའི་འབད་བརྩོན་དེ་ལྟར་བྱས་ནས་ལིའུ་གཅིག་དེ་འདྲ་བྱས་ནས་ཕྱིན་པ་རེད། དེ་ནས་རིམ་བཞིན་ཕྱི་ལོ་ ༡༩༧༣ ལོར་ངོས་རང་ཡུ་རོབ་ཁུལ་དུ་འགྲོ་རྒྱུ་འགོ་ཚུགས་པ་རེད།
སྐབས་དེར་ངོས་ལའང་དེ་ཙམ་རྒྱུས་མངའ་མེད། ཨིན་ཡུལ་དུ་བོད་མི་དང་འབྲེལ་བ་སྔ་མོ་ནས་ཡོད་སྟབས་ཨིན་ཇི་དང་འཇར་མན་ཧེན་རིག་ཧ་རར་གྱིས་བོད་ནང་ལོ་བདུན། ཞེས་པའི་དེབ་དེའི་བཀའ་དྲིན་ལ་བརྟེན་ནས་ཨོ་སི་ཊི་རི་ཡ་དང་འཇར་མན་ནང་དུ་བོད་པའི་ཐོག་ལ་དོ་སྣང་བྱེད་མཁན་གང་ཙམ་མང་པོ་ཡོད་པ་ལྟ་བུ་འདུག གཞན་སྐབས་དེར་དེ་ཙམ་མེད། སྐབས་དེར་ ༡༩༧༣ ལོར་ངོས་རང་ཐོག་མར་ཡུ་རོབ་ལུང་པ་འགའ་ཤས་ལ་བསྐྱོད་སྐབས་ལྡི་ལིར་ཡོད་པའི་སྦི་སྦི་སི་གསར་འགྱུར་འགོད་མཁན་མག་ཊལ་ལི་ཟེར་བ་ཁོང་ཡོད། ཁོང་དང་ཕྲེང་རིང་སྤོ་ལགས་གཉིས་སློབ་གྲྭ་གཅིག་པ་ཡིན་སྐོར་བརྗོད་བྱུང་། ཁོང་གཉིས་ངོ་ཤེས་ཡག་པོ་འདུག སྐབས་དེར་མག་ཊལ་ལི་ངོས་དང་ཐེངས་གཅིག་ཐུག་པ་རེད། ཁོང་གིས་དྲི་བ་གཅིག་ནང་ངོས་རང་ཡུ་རོབ་ཁུལ་དུ་འགྲོ་རྒྱུའི་འཆར་གཞི་ཡོད། རྒྱུ་མཚན་གང་ཡིན། ཞེས་དྲིས་བྱུང་། སྐབས་དེར་ངོས་ཀྱིས་ལན་འདེབས་སྐབས། ངོས་རང་ད་ཆ་འཛམ་གླིང་གི་མི་སེར་ཡིན་བསམ་པ་དྲན་བཞིན་འདུག དེར་བརྟེན་འཛམ་གླིང་ས་ཕྱོགས་འདྲ་མིན་དེ་དག་སྐོར་ལ་ཤེས་འདོད་ཀྱང་ཡོད་ལ་ལྟ་འདོད་ཀྱང་ཡོད། ཅེས་དེ་འདྲ་བརྗོད་པ་རེད།
སྐབས་དེར་བསམ་བློ་དེ་ཙམ་མེད། ང་རང་ཚོས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཟེར་ནས་དུས་རྟག་ཏུ་སྨོན་ལམ་དེ་རྒྱག་བཞིན་ཡོད། བོད་པ་བདེ་བ་ཡོང་བར་ཤོག ང་ཚོ་ཨེ་ཤི་ཡ་བདེ་བ་ཡོང་བར་ཤོག ང་ཚོ་ནང་པ་ཚོ་སྐྱིད་པོ་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་གི་མེད། ང་ཚོས་སེམས་ཅན་ཐམས་ཅད་ཟེར་ནས་སྨོན་ལམ་རྒྱག་བཞིན་ཡོད། དེར་བརྟེན་རང་བཞིན་གྱི་བསམ་བློའི་ནང་སེམས་ཅན་ཐམས་ཅད་ཟེར་སྐབས་འཛམ་བུ་གླིང་གི་སྲོག་ཆགས་ཚང་མ། དེའི་ནང་ནས་འཛམ་གླིང་གི་མི་ཚང་མ་ཟེར་བའི་བསམ་བློ་ཞིག་རང་ཤུགས་ཀྱིས་འཁོར་བཞིན་ཡོད། ངོས་ནས་ཀྱང་བསམ་བློ་དེ་འདྲ་ཞིག་འཁྱེར། དེ་འདྲ་ཡིན་དུས་རང་བཞིན་གྱིས་ངོ་ཤེས་པ་མང་དུ་ཕྱིན། གྲོགས་པོ་མང་དུ་ཕྱིན། དེ་འདྲ་ཞིག་ཐོག་ནས་གནས་ཚུལ་མཐོང་སྐབས་དངོས་པོ་ཡར་རྒྱས་ཧ་ལས་པའི་ཚད་མཐོན་པོར་བསླེབས་ཡོད། དངོས་པོ་ཡར་རྒྱས་ཧ་ལས་པའི་ཚད་མཐོན་པོར་བསླེབས་རྒྱུ་དེ་ཡང་དེང་རབས་ཀྱི་ཤེས་ཡོན་ཧ་ཅང་ཡར་རྒྱས་ཕྱིན་ནས་དངོས་པོ་ཡར་རྒྱས་ཧ་ལས་པ་ཕྱིན་ཡོད། འོན་ཀྱང་མི་དང་ཐུག་ནས་སྐད་ཆ་ཤོད་སྐབས་སེམས་སྐྱིད་པ་དེ་ཁག་པོ་རེད་འདུག དངོས་པོ་ཡར་རྒྱས་ཕྱིན་ནས་ནང་གི་སེམས་རྒྱུད་ཞི་ཞིང་དུལ་བ་ཟེར་བ་དེ་འདྲའི་ཐོག་ལ་དོ་སྣང་མེད་མཁན་ཚོས་འདོད་རྔམ་ཆེན་པོ། འདོད་རྔམ་ཆེན་པོ་དེས་རྐྱེན་པས་རེ་དོགས་མང་པོ། དེས་རྐྱེན་པས་སེམས་ནང་དངངས་སྐྲག་ཚ་པོ། གཅིག་གིས་གཅིག་ལ་དོགས་ཟོན་བྱས་ནས་སྡོད་རྒྱུ། དེ་ལྟ་བུའི་སྐྱོན་ཆ་མང་པོ་ཞིག་མཐོང་རྒྱུ་འདུག འདི་ཕྱོགས་གཅིག་བྱས། ཕྱོགས་གཉིས་པ་དེ་ངོས་རང་ཆུང་དུས་སྐབས་ཚན་རིག་ལ་མོས་པ་ཆེན་པོ་ཡོད། དོ་སྣང་ཧ་ཅང་ཡོད། ངོས་རང་ལྷ་སར་ཡོད་སྐབས་སྐུ་མདུན་སྐུ་གོང་མའི་སྐུ་ཆས་ནང་དུ་རྒྱང་ཤེལ་ཧ་ཅང་ཆེན་པོ་ཞིག་ཡོད། ཟླ་སྐར་སོགས་ལ་ལྟ་ཚེ་ཧ་ཅང་གསལ་པོ་མཐོང་ཐུབ། ནོར་གླིང་དུ་རྒྱང་ཤེལ་དེ་ཟླ་སྐར་ཐོག་ལ་བཙུགས་ནས་ཡོངས་འཛིན་རྣམ་པ་གཉིས་གདན་འདྲེན་ཞུས་པ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།།