༢༠༡༦ ཟླ་ ༤ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་ཐོག་མར་ལ་སྦི་སྦི་སི་ BBC ས་གནས་གསར་འགོད་པ་སྐུ་ཞབས་སན་ཇོ་ཡི་མ་ཇུམ་དར་ Sanjoy Majumder ལགས་ཀྱི་བཅར་འདྲི་དང་ལེན་མཛད་རྗེས། རྒྱ་གར་ཨ་རིའི་གཞུང་ཚབ་ཁང་གི་སློབ་གྲྭས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་དགེ་ལས་སློབ་ཕྲུག་བཅས་ལ་བླང་དོར་བཀའ་སློབ་གཟབ་རྒྱས་སྩལ། དེ་ཡང་༸གོང་ས་མཆོག་སློབ་གྲྭ་དེར་༸ཞབས་སོར་བདེ་བར་འཁོད་སྐབས་སློབ་གྲྭའི་ངེས་སྟོན་པ་སྐུ་ཞབས་པོལ་ཅི་མེ་ལིག་ Paul Chmelik མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། སྐབས་དེར་༸གོང་ས་མཆོག་ལ་ཕེབས་བསུ་ཞུ་མཁན་སློབ་མ་གྲངས་ ༣༠༠ ཡོད་པའི་ཁྲོད་མགོན་པོ་གང་ཉིད་མཆོག་གིས་སློབ་ཕྲུག་ཁག་གཅིག་དང་ལྷན་ཐུགས་དགྱེས་ཚོར་ཆེན་པོས་སྐུ་རྩེད་རྩེ་གནང་མཛད།
དེ་རྗེས་ལུས་སྦྱོང་ཚོགས་ཁང་ནང་ཆིབས་སྒྱུར་བསྐྱངས་སྐབས་དགེ་ལས་སློབ་ཕྲུག་གྲངས་ ༡༥༠༠ ཡོད་པ་རྣམས་ཀྱིས་ཕེབས་བསུའི་བསྟོད་གླུ་བཀྲ་ཤིས་བདེ་ལེགས། ཞེས་པ་འབུལ་ལམ་ཞུས་པ་དང་སྦྲགས། ངེས་སྟོན་པ་མཆོག་ནས་ཚོགས་བཅར་བ་རྣམས་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་གནང་། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་མཆེད་ཕོ་མོ་རྒན་གཞོན་རྣམ་པར། ངོས་རང་དེ་རིང་འདིར་སླར་ཡང་ཡོང་ཐུབ་པར་ཧ་ཅང་དགའ་པོ་བྱུང་། དུས་ཚོད་འགྲོ་བཞིན་པ་དེར་སུས་ཀྱང་འགོག་མི་ཐུབ། དུས་རབས་ ༢༠ འདས་ཟིན་པ་མ་ཟད། དུས་རབས་ ༢༡ ནས་ལོ་ ༡༥ རྫོགས་ཚར་བ་རེད། འདས་པ་ལ་བཅོས་ཐབས་མེད། འོན་ཀྱང་འབྱུང་འགྱུར་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུའི་གོ་སྐབས་ང་ཚོའི་ལག་ཏུ་ཡོད། དེ་འདྲ་བྱེད་མཁན་སུ་རེད། ན་གཞོན་ཁྱེད་རང་ཚོས་བྱེད་དགོས། ངོས་རང་ལོ་ ༡༠།༢༠ མཚམས་ནས་ངོས་རང་འདའ་འགྲོ་རྒྱུ་རེད།
ངོས་རང་འདས་རྗེས་དམྱལ་བར་སྐྱེ་ནའང་སླར་འདིར་ཡོང་ནས་ཁྱེད་ཚོས་གང་འདྲ་བྱེད་མིན་ལྟ་བར་ཡོང་རྒྱུ་ཡིན། སྐབས་དེར་གལ་ཏེ་ཁྱེད་ཚོས་ཞི་བདེ་དང་འདྲ་མཉམ་གྱི་འཛམ་གླིང་ཞིག་བསྐྲུན་ཆེད་འབད་བརྩོན་བྱེད་ཀྱི་འདུག་ན། སླར་དམྱལ་བར་ཕྱིར་ལོག་བྱས་ནས་དམྱལ་བའི་སྲུང་མར་དམྱལ་ཁམས་རྒྱ་ཆུང་དུ་གཏོང་དགོས་འདུག ཅེས་བརྗོད་རྒྱུ་ཡིན། གལ་ཏེ་ཁྱེད་ཚོས་རིགས་དང་རྒྱལ་ཁབ། ཆོས་ལུགས། དེ་བཞིན་སྤྱི་ཚོགས་ཀྱི་གནས་རིམ་མཐོ་དམའ་སོགས་ལ་སྙད་ནས་འཚེ་བ་དང་ཕྱོགས་ལྷུང་འཐེན་འཁྱེར་སོགས་བྱས་པ་མཐོང་ཚེ། དམྱལ་བའི་སྲུང་མར་འདིར་ཡོང་མཁན་མང་པོ་འདུག དམྱལ་ཁམས་ཆེ་རུ་གཏོང་དགོས་འདུག ཅེས་ཞུ་རྒྱུ་ཡིན།
ཁྱེད་ཚོས་འགྱུར་བ་གཏོང་ཐུབ་རྒྱུ་ཡིན་སྟབས་ང་ཚོའི་རེ་བ་རྒྱག་ས་ཁྱེད་ཚོ་རེད། ངོས་རང་འདིར་སྤྲོ་སྣང་སྐྱེ་དགོས་པའི་རྒྱུ་མཚན་གཞན་ནི་ལོ་ཆུང་ཁྱེད་རྣམས་དང་ནམ་ཐུག་འཕྲད་བྱུང་སྐབས་ངོས་རང་ཡང་ལུས་པོ་རྒས་ཡོད་ཀྱང་སེམས་ནང་སྙིང་སྟོབས་སྐྱེ་བཞིན་འདུག རང་ཉིད་དང་ལོ་ན་མཉམ་པའི་མི་དང་ཐུག་འཕྲད་སྐབས་འཆི་བར་སུ་སྔོན་ལ་འགྲོ་རྒྱུའི་འགྲན་བསྡུར་བྱེད་བཞིན་པའི་ཚོར་སྣང་ཡོང་བཞིན་འདུག
འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་ངོས་ཀྱིས་ཚན་རིག་པ་དང་ལྷན་བགྲོ་གླེང་ཐེངས་མང་བྱེད་སྐབས་ཚན་རིག་པ་ཚོས་གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཡིན་སྐོར་བརྗོད་བྱུང་། འགྲོ་བ་མི་རིགས་འཐེར་འབུམ་བདུན་ཡོད་པ་ཚང་མ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བའི་ཉམས་མྱོང་གཅིག་མཚུངས་ཤིག་ཐུན་མོང་དུ་ཡོད། འཇིགས་སྐུལ་དྲག་སྤྱོད་པ་ཚོ་ལའང་ཉམས་མྱོང་དེ་མཚུངས་ཡོད། ད་ཆ་ང་ཚོ་དུས་རབས་ ༢༡ འགོ་སྟོད་ལ་ཡོད། འོན་ཀྱང་ད་ལྟ་ནས་ང་ཚོས་འབད་བརྩོན་བྱས་པ་ཡིན་ན་དུས་རབས་འདིའི་མཇུག་ཙམ་དུ་ང་ཚོས་འཛམ་གླིང་ནང་ཞི་བདེ་སྔར་ལས་ཆེ་བ་བསྐྲུན་ཐུབ་རྒྱུ་ཡིན་པ་ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད། དེར་ང་ཚོས་འབད་བརྩོན་བྱེད་དགོས། མི་འབོར་འཕེལ་རྒྱས་འགྲོ་བཞིན་ཡོད། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཡང་ཆེ་རུ་འགྲོ་བཞིན་ཡོད། དེའི་ཁར་མིས་དཀའ་ངལ་སྣོལ་མ་བཟོ་བཞིན་ཡོད། འཚེ་བ་དེ་སེམས་ཉོན་མོངས་གཞན་དབང་འོག་ཚུད་པ་ལས་ཡོང་བཞིན་ཡོད། དཔེར་ན་འགྲོ་བ་མིའི་ཐོབ་ཐང་ལ་རྩིིས་མེད་རྡོག་རོལ་བཏང་བའི་གནས་སྟངས་ལ་མཚོན་ན། རྒྱུ་རྐྱེན་གང་ཡང་མེད་པ་ལས་བྱུང་བ་མིན། རྒྱུ་རྐྱེན་དེ་དག་གང་ཡིན་ཐོག་ང་ཚོས་བསམ་བློ་གཏོང་དགོས།
ཞེ་སྡང་དང་གུས་བརྩིའི་བསམ་བློ་མེད་པ་ལས་བྱུང་། གལ་ཏེ་ང་ཚོས་གཞན་ལ་གུས་བརྩི་དང་གཞན་གྱི་བདེ་སྡུག་ལ་བྱམས་བརྩེའི་བསམ་བློ་བཏང་ཐུབ་པ་ཡིན་ན་དཀའ་ངལ་དེ་དག་སེལ་ཐུབ། དེས་ན་གཞན་ལ་བརྙས་བཅོས་བྱ་རྒྱུ་དང་མགོ་སྒོར་བཏང་བ་སོགས་ཡོང་རྒྱུ་མ་རེད། ང་ཚོ་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཞིག་ཡིན་སྟབས། སྤྱི་ཚོགས་ཀྱི་རྒྱབ་རྟེན་མེད་ན་འཚོ་ཐབས་བྲལ། དེར་བརྟེན་རང་ཉིད་གཅིག་པོར་གཅེས་འཛིན་བྱས་ནས་བསྡད་པ་ཡིན་ན་བསམ་བློ་གུ་དོག་རེད། གཞན་གྱི་བདེ་སྡུག་ལ་བསམ་བློ་བཏང་བ་དེ་ཞིང་པས་ས་ཞིང་ལ་རྨོས་རྒྱབ་ནས་སྟོན་ཐོག་བཟང་པོ་ཞིག་ཡོང་རྒྱུར་རེ་བ་བརྒྱབ་པ་དང་མཚུངས། གནའ་སྔ་མོ་ཡིན་ན་སྤྱི་ཚོགས་ཆུང་ཆུང་རང་ཁ་རང་གསོ་ལྟ་བུ་བྱས་ནས་འཚོ་བ་འགྲིག་འགྲོ་བཞིན་ཡོད། འོན་ཀྱང་ད་ཆ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པའི་དུས་ལ་བབ་ཡོད། ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་ཁར་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཚང་མར་གཅིག་མཚུངས་སུ་འཕྲད་བཞིན་ཡོད། གོ་ལའི་དཔལ་འབྱོར་ལམ་ལུགས་དེ་ཡང་གཅིག་ལ་གཅིག་བརྟེན་དགོས་པ་ཆགས་ཡོད།
དེར་བརྟེན་ང་ཚོས་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མའི་བདེ་སྡུག་ལ་བསམ་བློ་གཏོང་ཐུབ་དགོས། ང་ཚོ་ཚང་མ་འགྲོ་བ་མི་ཅིག་གྱུར་ཡིན་པའི་ཆ་ནས་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་གཅིག་མཚུངས་ཡིན་པ་མ་ཟད། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་ཡིན། བདེ་བ་འདོད་པ་ལྟར་བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་སུ་ཡོད། སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སྲོག་ཆགས་ཤིག་ཡིན་སྟབས་ང་ཚོར་གྲོགས་པོ་དགོས་ཀྱི་ཡོད། གྲོགས་པོ་ཡོང་བ་ལ་ཡིད་ཆེས་ཡོད་མེད་ལ་རག་ལུས་ཡོད། ཡིད་ཆེས་དེ་དྲང་བདེན་དང་རྒྱབ་མདུན་ངོ་ལྐོག་མེད་པར་ལྷག་བསམ་རྣམ་དག་ཐོག་ནས་གཞན་ལ་གུས་བརྩི་དང་གཞན་གྱི་བདེ་སྡུག་ལ་བསམ་བློ་བཏང་བ་ཡིན་ན་ཡིད་ཆེས་ཡོང་རྒྱུ་རེད། རྒྱུ་དངོས་དང་དབང་ཤུགས། གྲགས་པ་སོགས་ཀྱིས་གྲོགས་པོ་བློས་ཐུབ་ཐོབ་རྒྱུ་མ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་མཛད། མཐར་ངེས་སྟོན་པ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བསྟུན་ཕྱག་རྟགས་འབུལ་བཞེས་མཛད་པ་དང་སྦྲགས་ལྷན་ཚོགས་གྲོལ།།