༢༠༡༦ ཟླ་ ༤ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་སི་པི་རིང་ཌེལ་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་དགེ་ལས་སློབ་ཕྲུག་ཕ་མ་བཅས་ལ་སློབ་གྲྭའི་ནང་བཟང་སྤྱོད་ཀྱི་རིན་ཐང་དང་ཞི་བདེ་ Peace and Values in Schooling སྐོར་བཀའ་སློབ་སྩལ། དེ་ཡང་འདི་ལོ་སི་པི་རིངྒ་ཌེལ་སློབ་གཉེར་ཁང་དེ་བཞིན་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་གྱི་རྟེན་འབྲེལ་མཛད་སྒོའི་སྐུ་མགྲོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན་སློབ་ཁང་དེར་ཆིབས་སྒྱུར་བསྐྱངས་སྐབས་སློབ་གྲྭའི་སློབ་སྤྱི་ལྕམ་སྐུ་ཨཱ་མིཏཱ་ཝ་ཊལ་ Ameeta Wattal ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྡིངས་ཆའི་སྟེང་ཕེབས་བསུ་ཞུས་གྲུབ་མཚམས། སློབ་སྤྱིས་མགོན་པོ་གང་ཉིད་མཆོག་གི་མཛད་རྣམ་ངོ་སྤྲོད་ཞུས་པ་དང་སྦྲགས་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ཉིད་དང་མཇལ་སྐབས་ངོས་ལ་དགའ་ཚོར་དཔག་མེད་ཀྱིས་མིག་ཆུ་ཤོར་སོང་།
དེ་བཞིན་དེ་རིང་འདིར་ང་ཚོ་སློབ་གྲྭ་ཐོག་མར་དབུ་འཛུགས་གནང་མཁན་སྐུ་ཞབས་རཱཇ་ནི་ཀུ་མར་ལགས་འདིར་ཕེབས་པར་ཧ་ཅང་དགའ་པོ་བྱུང་། ཞེས་དང་། དེ་རྗེས་སློབ་ཕྲུག་ཁག་གཅིག་གིས་ནང་པ་དང་ཧིན་རྡུ། ཡེ་ཤུ་བཅས་ཀྱི་ཤིས་བརྗོད་དབྱངས་སུ་གྱེར་བཞིན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཆོད་མེ་ཞལ་འབྱེད་མཛད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། སྤུན་ཟླ་རྒན་གཞོན་བར་གསུམ་རྣམས་ལ་ཞུ་རྒྱུར། ངོས་རང་མི་སུ་དང་སུ་ཐུག་པ་ཡིན་ནའང་ཧ་ཅང་དགའ་པོ་ཡོང་གི་འདུག ལྷག་པར་གཞོན་སྐྱེས་ཚོ་དང་ཐུག་སྐབས་ཚོར་བ་དམིགས་བསལ་བ་ཞིག་ཡོང་བཞིན་འདུག དེ་འདྲ་ཡིན་པའི་རྒྱུ་མཚན་གསལ་པོ་རེད། དུས་ཚོད་ནི་རྟག་ཏུ་འགྲོ་བཞིན་ཡོད་སྟབས་ང་ཚོས་འགོག་ཐབས་མེད། ནང་པ་ཞིག་ཡིན་པའི་ཆ་ནས་བཤད་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་དུས་ཚོད་དགག་ཐུབ་རྒྱུའང་མེད། འདས་པ་ནི་ཡོལ་ཟིན་སྟབས་ང་ཚོས་དེར་བཅོས་ཐབས་མེད། འོན་ཀྱང་འབྱུང་འགྱུར་བཟང་ངན་ཇི་འདྲ་ཞིག་ཡོང་མིན་ང་ཚོའི་ལག་ཏུ་ཡོད་པར་བརྟེན། རེ་བ་རྒྱག་ས་ཞིག་ཡོད། གཞོན་སྐྱེས་ཁྱེད་རང་ཚོར་ང་ཚོ་ལོ་ན་རྒན་པ་ཚོ་དང་མི་འདྲ་བར་དུས་ཚོད་དང་གོ་སྐབས་གཉིས་ཀ་ཡོད།
གལ་སྲིད་ང་ཚོས་ཨི་ཇིབ་དང་རྒྱ་གར། རྒྱ་ནག་བཅས་ཀྱི་གནའ་བོའི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་ Indus Valley civilization ཞིབ་བསྡུར་བྱེད་པ་ཡིན་ན། སྐབས་དེ་དག་ཏུ་དགེ་རྒན། བསམ་བློ་བ། ལྟ་གྲུབ་སྨྲ་བ་སོགས་ཁྱད་དུ་འཕགས་པ་དེ་འདྲ་ཧ་ཅང་མང་པོ་ཐོན་ཡོད། དེང་གི་ཆར་རྒྱ་གར་ནི་འཛམ་གླིང་འདིའི་སྟེང་མི་འབོར་ཆེ་ཤོས་དང་། བརྟན་ལྷིང་ལྡན་པའི་མང་གཙོའི་རྒྱལ་ཁབ་ཅིག་ཆགས་ཡོད། འོན་ཀྱང་ལྐོག་ཟའི་གནས་ཚུལ་ཕྲན་བུ་ཡོང་བཞིན་ཡོད། ཆོས་དར་གསོ་ཆེ་བའི་རྒྱལ་ཁབ་ཅིག་གི་ནང་ལྐོག་ཟའི་གནས་ཚུལ་ལྷག་པ་ནི་ཧང་སང་དགོས་པ་ཞིག་རེད། འོན་ཀྱང་། འཚེ་མེད་ཞི་བ་དང་བྱམས་བརྩེ། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་སོགས་གནའ་བོའི་རྒྱ་གར་གྱི་རིག་གཞུང་དེ་དག་འཛམ་གླིང་ཁྱོན་ལ་མིག་དཔེ་འོས་པ་ཞིག་ཆགས་ཡོད། དེ་སྔོན་དཔལ་ནཱ་ལཎྜའི་མཁས་པ་ཆེན་པོ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྒྱ་གར་ནང་ལྟ་གྲུབ་འདྲ་མིན་ཇི་སྙེད་ཅིག་དར་ཡོད་སྐོར་གསུངས་པ་དེར་བསམ་བློ་གཏོང་སྐབས། མེ་ཏོག་རིགས་འདྲ་མིན་ཡོད་པའི་ལྡུམ་ར་མཛེས་སྡུག་ལྡན་པ་ཞིག་བསམ་བློར་ཁོར་བཞིན་འདུག ལྡུམ་རའི་ནང་མེ་ཏོག་རིགས་གཅིག་ཁོ་ན་ལས་མེད་ན་མཛེས་སྡུག་དེ་ཙམ་མེད།
མི་ལོ་ ༥༧ ཙམ་ངོས་རང་རྒྱ་གར་ནང་བསྡད་པའི་རིང་མི་སྣ་མང་པོ་ཞིག་དང་ཐུག་འཕྲད་ཀྱིས་བགྲོ་ གླེང་མང་པོ་བྱུང་ཡོད། ཆོས་ལུགས་ཕལ་མོ་ཆེ་སྡེ་ཚན་གསུམ་ནང་བསྡུས་པ་ལྟ་བུ་ཞིག་ངོས་ནས་མཐོང་གི་ཡོད། དེ་ནི་དང་པོ་ཆོས་ལུགས་སོ་སོའི་བྱམས་པ་དང་བརྩེ་བ། དེ་བཞིན་ཚུལ་ཁྲིམས། བཟོད་པ། ཆོག་ཤེས་བཅས་ཀྱི་ཉམས་ལེན་བསྲུང་རྒྱུ་དེ་རེད། གཉིས་པ་ལྟ་གྲུབ་སྐོར་དེ་རེད། ལྟ་གྲུབ་སྐོར་ཆོས་ལུགས་ཁ་ཤས་འཇིག་རྟེན་བཀོད་པ་པོ་འདོད་པ་དང་། ཁ་ཤས་རྒྱུ་འབྲས་འདོད་མཁན་བཅས་མི་འདྲ་བ་ཡོད། བཅོམ་ལྡན་འདས་ཀྱིས་ཡུལ་དུས་གནས་སྐབས་མི་འདྲ་བར་ཆོས་མི་འདྲ་བ་གསུངས་ཡོད། དེ་ནི་གཙོ་བོ་སྟོན་པས་གདུལ་བྱའི་ཁམས་དང་དབང་པོ། བག་ལ་ཉལ་སོགས་མི་འདྲ་བར་གཟིགས་ནས་ཆོས་བསྟན་ཡོད། འོན་ཀྱང་ཆོས་ལུགས་ཚང་མས་བྱམས་བརྩེ་དང་སྙིང་རྗེ། བཟོད་སྲན་གྱི་བསླབ་བྱ་སོགས་ཉམས་ལེན་བྱེད་དགོས་པ་གཅིག་མཚུངས་གསུང་བཞིན་ཡོད།
སོ་སོའི་རིག་གཞུང་དང་ཆོས་ལུགས་སྐོར་བཤད་རྒྱུའི་རིམ་པ་གསུམ་པ་དེ་གནད་འགག་ཆེན་པོ་མིན། གཞོན་སྐྱེས་ཁྱེད་རང་ཚོས་གནའ་བོའི་རྒྱ་གར་གྱི་རིག་གཞུང་བཟང་པོ་དེ་དག་དང་། དེང་དུས་ཤེས་ཡོན་གཉིས་ཟུང་དུ་འབྲེལ་ནས་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། དེ་བཞིན་ཁྱེད་རང་ཚོས་དད་པའི་རྗེས་སུ་འབྲང་ནས་སོ་སོའི་དཀོན་མཆོག་ལ་སྨོན་ལམ་འདེབས་པ་ལས་དོན་དངོས་སློབ་སྦྱོང་ཐོག་འབད་བརྩོན་བྱ་རྒྱུ་དེ་གནད་འགག་ཆེ་བ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དགེ་སློབ་སོགས་ཀྱིས་བཀའ་འདྲི་ཞུས་པ་རྣམས་ལ་བཀའ་ལན་སྩལ་ཡོད་པ་བཅས། །