༢༠༡༦ ཟླ་ ༤ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཉེ་སྔོན་ལྟར་ཤེས་རིག་ལས་ཁུངས་ནས་ ༢༠༡༦ ལོའི་སློབ་ཡོན་འཆར་གཞི་གསར་པ་དང་འབྲེལ་བའི་གཤམ་གསལ་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུར།
ཀ། སྲིད་སྐྱོང་སློབ་ཡོན་དང་སྲིད་སྐྱོང་ཆེ་བསྟོད་ལག་འཁྱེར།
༡། བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སློབ་གྲྭ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་པ་༼བརྒྱ་ཆ་རྩིས་ཕྱོགས་དམིགས་བསལ་བྱས་སྟེ་སློབ་ཚན་བརྒྱ་ཆ་མཐོ་ཤོས་ལྔའི་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་དགོས་པ་མ་ཟད་བོད་ཡིག་ཐོག་ཨང་རིམ་དང་པོ་ (1st Division) བརྒྱ་ཆ་ ༦༠ ཉུང་མཐའ་ལོན་དགོས་ཀྱི་ཡོད། ༽ རྣམས་ནས་འདི་གའི་ ༢༠༡༦ སློབ་ཡོན་གསལ་བསྒྲགས་སྔོན་སོང་ལྟར་འཚང་སྙན་དུས་ཐོག་འབུལ་དགོས་པ་དང༌། སྲིད་སྐྱོང་སློབ་ཡོན་མུ་མཐུད་འཐོབ་པར་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལོ་རིམ་དང་པོ་དང་གཉིས་པ་སོ་སོར་ཡིག་རྒྱུགས་བརྒྱ་ཆ་ ༧༠ ཡན་ངེས་པར་ལོན་པ་དགོས། དེ་མིན་ཤེས་རིག་གི་སློབ་ཡོན་སྤྱི་མཚུངས་ལས་དམིགས་བསལ་ཐོབ་ཐང་མེད།
༢། བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སུ་མ་གཏོགས་པ་སྒེར་སློབ་ཁག་ནས་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འབྲས་བརྒྱ་ཆ་ ༩༥ ཡན་ལོན་པ་གང་ཞིག་ལ་དྭང་བླངས་དཔྱ་ཁྲལ་ལག་དེབ་ཡོད་རིགས་ལ་སྲིད་སྐྱོང་ཆེ་བསྟོད་ལག་འཁྱེར་གནང་རྒྱུ། དེ་རིགས་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༡ འགྱངས་མེད་འདི་གར་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ།
ཁ། སྲིད་སྐྱོང་གཟེངས་བསྟོད།
དབུས་བོད་མིའི་སྒྲིག་འཛུགས་མ་ལག་གང་རུང་ནས་སློབ་ཡོན་སྦྱར་བ་དང༌། བོད་མིའི་དྭང་བླངས་དཔྱ་དངུལ་ལག་དེབ་ཡོད་ལ་སྒེར་ཁུངས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༨ ནས་བཟུང་སྒྲིག་ཞུགས་རིགས་གཅིག་རྐང་འཛིན་(Ph.D)སློབ་ཐོན་རྣམས་ལ་ཆེ་བསྟོད་ལག་འཁྱེར་དང་ལེགས་སྐྱེས་སྒོར་ ༢༠༠༠༠།༠༠ གནང་རྒྱུ་ཡིན་པར་སོང་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༥ ནང་ཚུད་སྙན་འབུལ་མཉམ་གོང་གསལ་སློབ་ཚན་ཐོན་པའི་ལག་འཁྱེར་ངོས་བཤུས་བཅས་གནང་སྐྱོང་ཡོང་བ་ཞུ། ཆེ་བསྟོད་ཞུ་ཡུལ་དྷ་སར་ཟླ་ ༩ ཚེས་ ༢ མང་གཙོའི་དུས་དྲན་ཉིན་གཞུང་འབྲེལ་མཛད་སྒོའི་སྐབས་གནང་རྒྱུ།
སློབ་ཐོན་པ་རྣམས་བྱ་དགའ་ལེན་པར་ཡོང་སྐབས་གྲང་གློག་མེ་འཁོར་ཉལ་ཁྲི་ཉིས་བརྩེགས་(AC 2 TIER)དང་སྦ་སི་ལེགས་གྲས་ཀྱི་ལམ་གྲོན་དང༌། ཉིན་རེར་ལྟོ་དོད་ཧིན་སྒོར་ ༣༠༠། རེ་དང༌། ལམ་བར་དགོས་གལ་ཡོད་རིགས་ལ་ཉིན་རེར་ཁང་གླ་མང་མཐར་སྒོར་ ༥༠༠ གནང་རྒྱུ་ཡིན། གོང་གསལ་འགྲོ་གྲོན་ཁག་རྩིས་འཕེར་ཡོང་སླད་ཁང་གླ་དང་མེ་འཁོར་སྣུམ་འཁོར་སོགས་ཀྱི་འབིན་འཛིན་ངོ་མ་ཆབ་འབུལ་ཞུ་དགོས།
ག ལེགས་གསོལ་བྱ་དགའ།
ཕྱི་ལོ་ ༢༠༡༣ ལོའི་སློབ་ཡོན་འཆར་གཞི་གསར་པའི་ཁོངས་སུ་མ་གཏོགས་པའི་ཤེས་རིག་སློབ་ཡོན་ཞུ་སྤྲོད་གནང་བཞིན་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་མ་ལོ་རེའི་ཡིག་རྒྱུགས་སྐབས་བརྒྱ་ཆ་ ༧༥ ལོན་པ་རྣམས་ལ་དེ་སྔ་སློབ་ཡོན་གཏན་འབེབས་ཇི་ཡོད་ཐོག་ལོ་དེར་ལེགས་གསོལ་སྒོར་ ༡༠༠༠༠ འཕར་མ་གནང་རྒྱུ། དེ་མཚུངས་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དང་བཅས་པ་ནས་སློབ་ཡོན་མ་ཞུས་པར་སོ་སོའི་འགྲོ་གྲོན་ཐོག་མཐོ་སློབ་སློབ་གཉེར་གནང་བཞིན་པའི་ཁོངས་ནས་གོང་བཞིན་ལོ་རིམ་སོ་སོའི་ཡིག་རྒྱུགས་བརྒྱ་ཆ་ ༧༥ ཡན་ལོན་ཚེ་དེ་རྣམས་ལའང་སྒོར་ ༡༠༠༠༠ ལེགས་སྐྱེས་གནང་རྒྱུ་ཡིན། འོང་ཀྱང་སློབ་མ་འདི་རིགས་ནས་འཛིན་རིམ་བཅུ་པ་བར་བོད་པའི་སྐད་ཡིག་སློབ་སྦྱོང་བྱས་པ་ཞིག་དགོས། གོང་གསལ་ལེགས་སྐྱེས་ཞུ་མཁན་རྣམས་ནས་སོ་སོའི་ཡིག་རྒྱུགས་གྲུབ་འབྲས་དང་བཅས་པ་སྙན་ཞུ་འདི་ལས་སུ་འབུལ་གནང་ཡོང་བ་ཞུ།
ང་། ཕྱི་རྒྱལ་སྐད་ཡིག་སློབ་ཚན་སློབ་ཡོན།
ཤེས་རིག་ལས་ཁུངས་ནས་སློབ་ཡོན་ལེན་མུས་སློབ་ཕྲུག་གང་ཞིག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་དུས་རིང་ལ་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་ལྟེ་གནས་ཁང་ཞིག་ནང་རྒྱ་ཡིག(Chinese) ཕ་རཱན་སིའི།(French) ཨུ་རུ་སུ།(Russian) ཨ་རབ།(Arabic) སི་པཻན།(Spanish) ཉི་འོང་(Japanese) བཅས་ཀྱི་(Certificate/Diploma) ཚད་འཛིན་གྱི་སྐད་ཡིག་སྦྱོང་མཁན་ལ་སྒོར་ ༡༠༠༠༠།༠༠ ཐམ་པ་ དང༌། (Advance Course) སྦྱོང་ཚན་ལ་་སྒོར་ ༡༥༠༠༠།༠༠ ཐམ་པ་སློབ་ཡོན་འཕར་མ་གནང་རྒྱུ་ཡིན་ན། སློབ་ཡོན་ཞུ་བློ་ཡོད་རིགས་ནས་འདི་གའི་ལས་ཁུངས་སུ་གཽང་དོན་སྐོར་དཔང་རྟགས་ཡིག་ཆ་དང་བཅས་སྙན་ཞུ་འབུལ་གནང་ཡོང་བ་ཞུ།
ཅ། དུས་ཐུང་ཆེད་ལས་སློབ་ཡོན།
ཤེས་རིག་ལས་ཁུངས་ནས་སློབ་ཡོན་ལེན་མུས་སློབ་ཕྲུག་གང་ཞིག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་དུས་རིང་ ཆེད་ལས་ (Professional courses) སློབ་ཚན་གཞན་ཐོག་དུས་ཐུང་ཟུར་སྦྱོང་གི་ཤེས་ཚད་ལག་འཁྱེར་Certificate/Diploma ལེན་མཁན་རྣམས་ལ་སྒོར་ ༥༠༠༠ རེ་འཕར་སྣོན་གནང་རྒྱུ། སློབ་ཡོན་ཞུ་བློ་ཡོད་རིགས་ནས་འདི་གའི་ལས་ཁུངས་སུ་སྙན་ཞུ་འབུལ་གནང་ཡོང་བ་ཞུ།
ཆ། ཉམ་ཐག་སློབ་མར་སློབ་ཡོན།
དབུས་བོད་མིའི་སྒྲིག་འཛུགས་ནས་ཞིབ་འཇུག་གིས་ཉམ་ཐག་ཨང་ཐོབ་ག་པ་ཅན་གྱི་སློབ་མ་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་སྐབས་བརྒྱ་ཆ་ ༤༠ ཡན་ལོན་པ་གང་ཞིག་མཐོ་སློབ་དང་ལས་རིགས་སློབ་སྦྱོང་སོགས་ནང་ཞུགས་བློ་ཡོད་ཚེ་དམིགས་བསལ་སློབ་ཡོན་གནང་རྒྱུའང༌། ཐུགས་སྣང་དགོས་པ་ཞིག་ལ་སློབ་བུ་དེ་རྣམས་སྔོན་དུ་དྭང་སློབ་ནང་ངེས་པར་འཛུལ་ཞུགས་གནང་དགོས། གལ་ཏེ་ལུས་བབ་གོ་འཕེར་མེད་པ་སོགས་ཀྱིས་དྭང་སློབ་ཏུ་མ་འཚུད་ཁར་འབྲེལ་ཡོད་དྭང་སློབ་འགོ་འཛིན་ལས་ཁང་ནས་རྒྱབ་གཉེར་བྱུང་ཚེ་མཐོ་སློབ་དང་ལས་རིགས་སློབ་སྦྱོང་གང་རུང་དུ་ཞུགས་རྒྱུར་དམིགས་བསལ་སློབ་ཡོན་དགོངས་བཞེས་གནང་རྒྱུ་བཅས་ཤེས་རིག་ལས་ཁུངས་ནས་ ༢༠༡༦ ཟླ་ ༤ ཚེས་ ༡༥ ལ།
SECRETARY
Department of Education CTA
Gangchen Kyishong
Distt. Kangra
Dharamsala – 176 215
Himachal Pradesh
Ph: 01892 – 226695, 222572, 222721
Fax: 01892- 223481
Email: [email protected] or [email protected]
Website: www.tcewf.org or www.sherig.org/tb