༢༠༡༦ ཟླ་ ༤ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་གོ་སྒྲིག་འོག རྒྱ་ནག་གཞུང་གིས་བཙོན་པ་ཚོར་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་པའི་གནད་དོན་ཐོག་ཉན་ཞིབ་གནང་འདུག དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་ཐོག་བོད་མིའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཉན་ཞིབ་དེའི་ཐོག་ཆ་ཤས་བླངས་ཏེ་རང་ཉིད་རྒྱ་ནག་གཞུང་གི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་པའི་ལོ་རྒྱུས་དང༌། བོད་ནང་གི་བོད་མི་ཚོ་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གང་ཡང་མེད་སྐོར་ཡིག་ངག་གཉིས་ཀའི་ཐོག་སྙན་སེང་དང༌། ཨ་རིའི་གྲོས་ཚོགས་དང་གཞུང་གཉིས་ནས་བོད་ནང་གི་གནས་སྟངས་ཐོག་ཐུགས་སྣང་ཆེ་ཙམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་འདུག སྐབས་དེར་ཁོང་གིས་གསུང་དོན། འགྲོ་བ་མི་གཞན་ལྟར་ང་ཚོ་བོད་མི་ཚོ་ལའང་འཛིན་བཟུང་དང་མནར་གཅོད་གཏང་རྒྱུའི་འཇིགས་སྣང་སོགས་ལ་འཛེམ་ཟོན་གང་ཡང་བྱེད་མི་དགོས་པར། སོ་སོའི་བསམ་ཚུལ་རང་དབང་ཐོག་ནས་འདོན་རྒྱུའི་ཐོབ་ཐང་ཡོད། བོད་མི་ཚོ་ལའང་འགྲོ་འདུག་གི་རང་དབང་དང་། ཆོས་དད་རང་དབང་གི་ཐོབ་ཐང་ཡོད་དགོས། རྒྱ་ནག་གཞུང་གིས་ང་ཚོར་གཞི་རྩའི་ཐོབ་ཐང་དེ་དག་མ་སྤྲད་པ་མ་ཟད། ཁྲིམས་མཐུན་མིན་པའི་ཉེས་མེད་བཙོན་འཇུག་བྱས་པ། དེ་བཞིན་ང་ཚོས་སོ་སོའི་གཞི་རྩའི་ཐོབ་ཐང་རྩོད་སྐབས་བཙོན་འཇུག་དང་མནར་གཅོད་བཏང་བའི་འགན་འཁྲི་དེ་རྒྱ་ནག་གཞུང་ལ་ཡོད། ཅེས་གསུངས་ཡོད། མགོ་ལོག་འཇིགས་མེད་ལགས་ཨ་རིའི་གྲོས་ཚོགས་ནང་ཉན་ཞིབ་གནང་བ་ཐོག་མ་དེ་ཆགས་ཡོད། ཉན་ཞིབ་སྐབས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཁི་རི་སི་ཊོ་པར་སི་མི་ཏི་ Christopher Smith ལགས་ཀྱིས་གཙོ་སྐྱོང་གནང་ཡོད།
ཉན་ཞིབ་དེའི་ཐོག་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་དང༌། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་བལྟ་ཞིབ་ཚོགས་པའི་ངེས་སྟོན་པ་སོ་ཕི་རི་ཆ་ཌི་སན་ Sophie Richardson ལགས། Seton Hall University School of Law ཞེས་པའི་གཙུག་ལག་སློབ་གྲྭའི་ཁྲིམས་ཀྱི་སློབ་དཔོན་མར་གེ་རེཊ་ཀེ་ལི་ཝི་སི་ Margaret K. Lewis ལགས་སོགས་མི་སྣ་ཁག་གཅིག་ཕེབས་ཡོད་པ་དང༌། བོད་མི་ཆབ་སྲིད་བཙོན་ཟུར་དགེ་འདུན་པ་མགོ་ལོག་འཇིགས་མེད་ལགས་ཀྱིས་གཙོས། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་སོགས་རྒྱ་ནག་གཞུང་གི་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་པའི་མི་སྣ་ཁག་གཅིག་གིས་ཉན་ཞིབ་ཐོག་ཆ་ཤས་བླངས་འདུག
སྤྱིར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་འདི་བཞིན་ཕྱི་ལོ་ ༢༠༠༠ ལོར་གསར་འཛུགས་གནང་བ་དང་། ཚན་པ་འདིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྒྲིག་ཁག་གི་ཐོག་སྟངས་འཛིན་སླད་ཆེད་འཛུགས་གནང་བ་ཞིག་ཡིན་འདུག ཚན་པ་འདིས་ལོ་ལྟར་ལོ་འཁོར་སྙན་ཐོ་རེ་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་སུ་འབུལ་དགོས་ཀྱི་ཡོད། ཚོགས་ཆུང་འདིའི་ནང་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དགུ་རེ་དང་འཛིན་སྐྱོང་གི་གཞུང་འབྲེལ་མི་སྣ་བགྲེས་པ་ལྔ་ཡོད་པ་དང་། ཁོང་རྣམས་ཨ་རིའི་སྲིད་འཛིན་གྱིས་བསྐོ་གཞག་གནང་བཞིན་ཡོད་འདུག །