༢༠༡༦ ཟླ་ ༤ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །སྲིད་སྐྱོང་ལས་ཐོག་པ་བློ་བཟང་སེངྒེ་མཆོག་སླར་ཡང་སྲིད་སྐྱོང་དུ་བདམས་ཐོན་བྱུང་རྗེས་ཕྱི་དྲིལ་བརྙན་འཕྲིན་ཚན་པའི་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱི་དྲི་བར་ལན་འདེབས་གནང་དོན། གཙོ་ཆེ་༸གོང་ས་མཆོག་གིས་གསོལ་སྩལ་མཛད་པའི་མང་གཙོའི་ལམ་སྲོལ་འདི་བརྟན་དུ་ཕྱིན་ཡོད་པ་ཧ་ཅང་གསལ་པོ་རེད། གང་ཡིན་བརྗོད་ན། ཕྱི་ལོ་ ༢༠༡༡ ལོའི་འོས་བསྡུའི་སྐབས་དང་བསྡུར་བ་ཡིན་ན། ཐེངས་འདིར་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་ནང་ཆ་ཤས་ལེན་མཁན་མང་དུ་ཕྱིན་ཡོད། དེར་བརྟེན་༸གོང་ས་མཆོག་གིས་གསོལ་སྩལ་མཛད་པའི་མང་གཙོའི་ལམ་ལུགས་འདིའི་ནང་འགན་ཁུར་དང་ཆ་ཤས་ལེན་མཁན་མང་དུ་ཕྱིན་པ་མ་ཟད། མང་ཚོགས་ཁྲོད་ཆབ་སྲིད་ཀྱི་གོ་རྟོགས་ཀྱང་ཆེ་རུ་ཕྱིན་པ་ཧ་ཅང་གསལ་པོ་རེད།
ངོས་སྒེར་ལ་འོས་ཤོག་འཕེན་མཁན་གྱི་གྲངས་འབོར་དེ་ཡང་དེ་སྔ་དང་བསྡུར་བ་ཡིན་ན་ཕྲན་བུ་མང་དུ་ཕྱིན་འདུག ང་ཚོས་ལོ་ལྔ་མ་ཟིན་ཙམ་རིང་ཞབས་འདེགས་ཞུས་པ་རེད། དེར་མང་ཚོགས་ནས་ཀྱང་རྒྱབ་སྐྱོར་གནང་བ་མ་ཟད། འབྱུང་འགྱུར་ཡང་མུ་མཐུད་ལས་ཀ་བྱེད་དགོས། དཀའ་ལས་རྒྱོབ་ཤོག ཅེས་མང་ཚོགས་ནས་བཀའ་ལུང་ཕེབས་ཡོད། དེར་བརྟེན་ཐོག་མར་ངོས་ནས་ཐེངས་འདིར་འོས་བསྡུའི་ལས་རིམ་ནང་ཆ་ཤས་ལེན་མཁན་མང་ཚོགས་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འོས་བསྡུའི་ལས་རིམ་ནང་ཆ་ཤས་བླངས་བ་དེ་ཧ་ཅང་གལ་ཆེན་པོ་ཡིན། གང་ཡིན་བརྗོད་ན། འོས་བསྡུའི་ལས་རིམ་ནང་ཆ་ཤས་བླངས་པ་ཙམ་གྱིས་རྒྱལ་སྤྱི་དང་། རྒྱ་ནག་ལ་བརྡ་ལན་ཞིག་བཏང་བ་ཙམ་དུ་མ་ཟད། གཞིས་ལུས་བོད་མི་ཚོ་ལའང་རེ་བའི་བརྡ་ལན་ཞིག་བཏང་ཡོད། ལྷག་པར་རྒྱ་གར་གཞུང་མང་ཡིན་ནའང་བཙན་བྱོལ་སྒྲིག་འཛུགས་ལ་མི་མང་ནས་འགན་འཁུར་ལེན་བཞིན་འདུག བསམས་པ་ཞིག་ཡོང་ངེས་རེད། དེར་བརྟེན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་ཆ་སྔར་དང་མི་འདྲ་བར་འགན་ཆེ་རུ་ཕྱིན་ཡོད། འོན་ཀྱང་དཀའ་ལས་མུ་མཐུད་བརྒྱབ་ནས་གྲུབ་འབྲས་སྨིན་པ་ཞིག་བཟོ་དགོས་སྟབས། ངོས་ལ་ཐེངས་འདིར་རྒྱལ་ཁ་ཐོབ་བྱུང་བསམས་པའི་ཚོར་སྣང་གི་ཚབ་ཏུ་འགན་ཞིག་གནང་བྱུང་སེམས་བཞིན་ཡོད། དེར་བརྟེན་སྔར་ལྷག་མིན་ནའང་སྔར་བཞིན་མུ་མཐུད་དཀའ་ལས་བརྒྱབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བཅས་སྐབས་ ༡༤ བཀའ་ཤག་གི་ལྟ་གྲུབ་གསུམ་ནས་གཙོ་བོ་ཆིག་སྒྲིལ་ནི། སྔོན་འགྲོའི་འོས་བསྡུ་བར་དུ་ཡག་ཐག་གཅོད་ཡོད། དེ་རྗེས་དངོས་གཞིའི་སྐབས་སུ་འཁྲུག་ཆ་དོད་པོ་བྱུང་བ་དང་། སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེན་པོ་བྱུང་བར་བརྟེན། དེ་ལ་སེམས་འཚབ་དང་བློ་ཕམ་བྱུང་། གང་ཡིན་བརྗོད་ན། བཀའ་ཤག་འདིའི་ཐོག་ནས་ལོ་བཞི་དང་ཕྱེད་ཀའི་རིང་ཆིག་སྒྲིལ་གལ་ཆེན་པོ་རེད་ཅེས་གོ་རྟོགས་དང་འབོད་སྐུལ་ཞུས་ཡོད་ཀྱང་དངོས་གཞིའི་འོས་བསྡུའི་སྐབས་སུ་ཆིག་སྒྲིལ་དང་མཐུན་འབྲེལ་ལ་དོ་ཕོག་ཕྱིན་ཡོད་པ་མ་ཟད། ལྷག་པར་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་དགོས་པའི་གནས་ཚུལ་ཡང་ལྷག་པ་རེད། དེར་བརྟེན་རང་བཞིན་གྱིས་སེམས་འཚབ་ཧ་ཅང་བྱེད་དགོས་པའི་གནས་སྟངས་ཛ་དྲག་པོ་ཞིག་ཆགས་ཡོད། དེའི་ཐོག་འཁྱོག་པོ་ཡོ་བསྲང་ཇི་འདྲ་ཞིག་བྱེད་དགོས་ཀྱང་ང་ཚོས་བྱེད་དགོས་པ་ཞིག་རེད། ལོ་ལྔའི་རྗེས་སུ་ངོས་རང་སྲིད་སྐྱོང་གི་འོས་བསྡུའི་ནང་ལང་རྒྱུའི་ཐབས་ལམ་མེད་ལ་ལང་དགོས་པ་ཞིག་ཀྱང་མ་རེད། དེར་བརྟེན་ངོས་ནས་ཐེངས་འདིར་དཀའ་ངལ་ལ་མ་འཛེམས་པར་ཤུགས་བརྒྱབ་དགོས་བསམས་པའི་སེམས་ཚོར་ཆེན་པོ་ཡོད།
ཆབ་སྲིད་ཐོག་ནས་བོད་ནང་གི་བོད་མིའི་དཀའ་ངལ་སེལ་ཐབས་བྱ་རྒྱུ་གཙོ་བོ་རེད། དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་རྒྱལ་སྤྱི་དང་། བོད་པའི་སྤྱི་ཚོགས་ནང་གོ་རྟོགས་སྤེལ་རྒྱུ། ལྷག་པར་རྒྱ་ནག་གཞུང་མང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གོ་དོན་རྟོགས་ཐུབ་པ་བཟོ་རྒྱུ། བོད་རྒྱ་འབྲེལ་མོལ་བྱུང་བའི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐུབ་པ་དང་། མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་ནི། ང་ཚོའི་ཆབ་སྲིད་ཀྱི་རྩ་ཆེའི་འགན་ཞིག་རེད། དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བརྒྱུད་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱ་རྒྱུ་ནི་ང་ཚོའི་ཆབ་སྲིད་ཀྱི་འགན་ཆེ་ཤོས་དེ་ཡིན།
བཙན་བྱོལ་ནང་དེ་སྔ་ཡིན་ན་ཤེས་ཡོན་གལ་ཆེ་ཤོས་ཡིན། ཞེས་བཀའ་ཤག་ནས་ཞུས་པ་ལྟར་འབད་བརྩོན་གནང་ཡོད་ལ་གྲུབ་འབྲས་ཀྱང་གང་ཙམ་ཐོན་ཡོད། སྐབས་ ༡༥ པའི་བཀའ་ཤག་ནས་ཤེས་ཡོན་ཐོག་དཔལ་འབྱོར་ཡར་རྒྱས་ཇི་འདྲ་གཏོང་རྒྱུའི་ཐད་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུག ཁ་སང་འོས་བསྡུའི་འགན་འཛིན་རྣམ་པས་ཀྱང་འོས་བསྡུའི་དུས་ཚོད་དེ་རིང་དྲགས་འདུག ཅེས་གསུངས་འདུག ང་རང་ཡང་དེར་ཡིད་ཆེས་བྱེད་བཞིན་ཡོད། དུས་ཚོད་ཐུང་ངུ་ཞིག་གི་ནང་ལ་ཚ་ཚ་འུར་འུར་ཐོག་ནས་འོས་མི་རྣམ་པས་མང་ཚོགས་ལ་ལངས་ཕྱོགས་སོགས་དྲིལ་བསྒྲགས་སྤེལ་ཐུབ་པ་ཡིན་ན་ཁྱད་པར་ཡོང་རྒྱུ་རེད་བསམས་ཀྱི་འདུག
ཐེངས་འདིར་དངོས་གཞིའི་འོས་བསྡུའི་སྐབས་བྱུང་བའི་གནས་ཚུལ་དེ་དག་ཕྱོགས་གཅིག་ནས་བློ་ཕམ་པའི་གནས་ཚུལ་ཞིག་ཡིན་ནའང་ཕྱོགས་གཞན་ནས་གོ་སྐབས་ཤིག་ཀྱང་རེད། གང་ཡིན་བརྗོད་ན་སྐྱོན་ག་རེ་བྱུང་བ་དེ་ངོ་འཕྲོད་ནས་སྐྱོན་དེ་སེལ་ཐབས་བྱེད་རྒྱུའི་གོ་སྐབས་ཤིག་ཡོད། གལ་སྲིད་ང་ཚོའི་སྤྱི་ཚོགས་ནང་འཐེན་འཁྱེར་དེ་འདྲ་ཞིག་བྱུང་བ་ཡིན་ན། ང་ཚོའི་སྤྱི་ཚོགས་མི་འབོར་ཉུང་ཉུང་འབུམ་གཅིག་དང་ཕྱེད་ཀ་ལས་མེད་སྟབས་དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད། ཐག་རིང་པོར་འགྲོ་མི་དགོས་པར་ང་རང་ཚོའི་སྤྱི་ཚོགས་ནང་དེ་སྔོན་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་དང་དགུ་བཅུ་གོ་གྲངས་ནང་ལ་ཆོལ་ཁ་ཕྱོགས་ཞེན་ཇི་ཙམ་བྱུང་ཡོད་པ་དང་། དེས་རྐྱེན་པས་ང་ཚོའི་སྤྱི་ཚོགས་ལ་ཇི་ཙམ་གནོད་ཡོད། འོས་བསྡུའི་སྐབས་སུ་ཕྱོགས་སོ་སོ་ནས་སྐད་ཆ་མང་པོ་ཞིག་བཤད་པའི་ཐོག་ནས་ནོར་འཁྲུལ་བྱུང་ཡོད་ལ། དེ་བཞིན་ཕྱི་ནས་དཀྲོག་གཏམ་སྤེལ་བ་དེ་འདྲའང་བྱུང་ཡོད། དེ་འདྲའི་ཕྱོགས་ཞེན་དང་འཐེན་འཁྱེར་ཤུགས་ཆེན་པོ་ཕྱིན་པ་ཡིན་ན་བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་རྩོད་པར་འགོག་རྐྱེན་བཟོ་གི་ཡོད། བོད་མིའི་སྒྲིག་འཛུགས་ནི་རྒྱ་གཞུང་ལ་འཕྲལ་ཕུག་རྒྱང་གསུམ་གྱི་ཐོག་ནས་རྩ་དོན་རྩོད་མཁན་གྱི་བསྟི་གནས་ཤིག་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་ཆུང་དུ་ཕྱིན་པ་ཡིན་ན་དགྲ་དགའ་གཉེན་སྡུག་ཅེས་པ་དེ་ཆགས་རྒྱུ་རེད། མ་འོངས་པར་དངོས་གནས་གཟབ་གཟབ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་འདུག དེར་བརྟེན་འོས་བསྡུ་ལས་ཁང་ནས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཐོག་ཟིན་བྲིས་བཟོ་བཞིན་པ་རེད། འཛིན་སྐྱོང་ལའང་འགན་ཞིག་ཡོད། གཙོ་ཆེ་ཤོས་གྲོས་ཚོགས་ནས་ཐུགས་ཐག་གཅད་རྒྱུ་དེ་ཡིན། ང་རང་ཚོ་ནང་ཁུལ་བགྲོ་གླེང་གནང་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་བསམས་ཀྱི་འདུག
དེ་རིང་ཚོགས་གཙོ་མཆོག་གིས་ངོས་ལ་འཚམས་འདྲི་གནང་བར་འདིར་ཕེབས་བྱུང་། ངོས་གཉིས་ཐུག་ནས་སྤྱི་ཚོགས་ལ་ཕན་པའི་བཀའ་མོལ་གནང་རྒྱུ་དེར་ཁྱད་པར་གང་ཡང་མི་འདུག འགྲིག་འགྲོ་གི་རེད་བསམས་ཀྱི་འདུག ང་གཉིས་འགྲིག་པ་ཙམ་གྱིས་མི་ཆོག་པར། ད་ལན་གྱི་གནས་སྟངས་འདི་འོས་བསྡུའི་སྐབས་སྤྱི་ཡོངས་ཀྱི་གནས་སྟངས་ཇི་འདྲ་ཆགས་ཡོད་པ། དེར་བརྟེན་མང་ཚོགས་ཡོངས་ལ་འགན་ཡོད་པ་ཞིག་རེད་བསམས་ཀྱི་འདུག འོས་བསྡུའི་ནང་ཆ་ཤས་ལེན་མཁན་ཚང་མར་འགན་ཡོད་པའི་ཐོག་ནས་དཀའ་ངལ་སེལ་རྒྱུར་འབད་བརྩོན་གནང་དགོས། ཞེས་སོགས་གསུངས་ཡོད་པ་བཅས། །