༢༠༡༦ ཟླ་ ༤ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་ནུས་སྟོབས་གོང་འཕེལ་རོགས་སྐྱོབ་ཀྱི་ལས་གཞིའི་ཁོངས་བོད་མིའི་མདུན་ལམ་སློབ་སྟོན་བསྟི་གནས་ཁང་གི་མདུན་ལམ་སློབ་སྟོན་ཚན་པས་བདུན་ཕྲག་གཉིས་རིང་། རྒྱ་གར་ནང་ཡོད་པའི་བོད་སློབ་ཁག་ནས་འདི་ལོར་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་རྣམས་ལ་སོ་སོའི་མདུན་ལམ་འདེམས་ཕྱོགས་སྐོར་ཟབ་སྦྱོང་གནང་འདུག ཟབ་སྦྱོང་སྐབས་སློབ་ཕྲུག་རྣམས་ལ་སོ་སོའི་མདུན་ལམ་འདེམས་སྟངས་མ་ནོར་བར་ཡང་དག་པ་ཞིག་ཇི་ལྟར་འདེམ་དགོས་སྐོར་སློབ་སྟོན་གནང་བ་དང་ཆབས་ཅིག སློབ་ཕྲུག་རྣམས་ལ་རྒྱ་གར་དང་ཕྱི་རྒྱལ་ནང་སློབ་ཡོན་ཞུ་རྒྱུ་དང་ལས་རིགས་སྦྱོང་བརྡར་སོགས་ཀྱི་གོ་སྐབས་འདྲ་མིན་ཡོད་སྐོར་གོ་རྟོགས་སྤེལ་ཡོད། དེ་བཞིན་བོད་མིའི་མདུན་ལམ་སློབ་སྟོན་ཚན་པས་མཐོ་སློབ་ཁག་འདྲ་མིན་ནས་ཐོན་པའི་སློབ་ཟུར་ཁག་གཅིག་གདན་ཞུས་ཀྱིས་ཟབ་སྦྱོང་བ་རྣམས་ལ་མཐོ་སློབ་ནང་སློབ་འཇུག་སྐབས་ཀྱི་བརྒྱུད་རིམ་དང་སློབ་ཚན་གྱི་སྒྲོམ་གཞི། སློབ་ཡོན་སོགས་ཀྱི་སྐོར་གནས་ཚུལ་མཁོ་སྤྲོད་གནང་ཡོད། ཟབ་སྦྱོང་ཉིན་མཐའ་མ་སྟེ་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༤ ཉིན་རྡ་ས་བདེ་དོན་ལས་ཁུངས་ཀྱི་ཚོགས་ཁང་ནང་ཟབ་སྦྱོང་མཇུག་སྒྲིལ་སྐབས་མདུན་ལམ་རྒྱུས་སྟོན་གྱི་གཏམ་བཤད་དང་། བོད་མི་ཁྱད་ལས་པ་ཁག་གཅིག་དང་ལྷན་བགྲོ་གླེང་སོགས་གནང་ཡོད། དེ་ཡང་བོད་མི་ཁྱད་ལས་པའི་ཁོངས་སུ་ཨ་རི་བོད་ཀྱི་ཐེབས་རྩའི་ཚེ་རིང་དབྱངས་སྐྱིད་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས། གློག་ཀླད་ཐོག་ཁྱད་ལས་ཚེ་བརྟན་སྒྲོལ་དཀར་ལགས་སོགས་ཡོད་འདུག
ཐེངས་འདིའི་ཟབ་སྦྱོང་ནང་བོད་མིའི་སློབ་གྲྭ་ཁག་ནས་འདི་ལོར་འཛིན་རིམ་བཅུ་གཉིས་ཐོན་པ་ཁྱོན་སློབ་གྲངས་ ༥༦ མཉམ་ཞུགས་གནང་ཡོད་པ་བཅས།།