༢༠༡༦ ཟླ་ ༤ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༧ ཉིན་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པས་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭའི་གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་ཐེངས་བཅུ་དྲུག་པའི་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཞིག་ཟླ་འདི་ཚེས་ ༢༧ ནས་ཕྱི་ཟླ་ ༥ ཚེས་ ༡ བར་སྡེ་ཚན་དང་པོ་དང་། ཕྱི་ཚེས་ ༢ ནས་ ༦ བར་སྡེ་ཚན་གཉིས་པ་བྱས་ནས་ཟབ་ཁྲིད་གནང་རྒྱུའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གཙོས་ཟབ་ཁྲིད་པ་ལྕམ་སྐུ་ལ་ཏི་ཀ་གུཔྟཱ་ Dr. Latika Gupta ལགས། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། དེ་བཞིན་ཕྱོགས་མཐའ་ཁག་ནས་ཟབ་སྦྱོང་དུ་བཅར་བའི་གཞི་རིམ་འོག་མའི་སློབ་དགེ་གྲངས་ ༢༨ བཅས་ཁྱོན་མི་གྲངས་ ༣༠ ལྷག་མཉམ་འཛོམས་ཀྱི་ཐོག་མར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་བསྟན་འཛིན་ལེགས་མཛེས་ལགས་ཀྱིས་ཐེངས་བཅུ་དྲུག་པའི་ཟབ་སྦྱོང་འདི་ཉིད་གོ་སྒྲིག་ཞུས་པའི་དགོས་པ་དང་རྒྱབ་ལྗོངས་ངོ་སྤྲོད་གནང་བསྟུན། སློབ་དགེ་རིམ་པས་རང་ཉིད་ངོ་སྤྲོད་དང་དེ་རྗེས་ཟབ་ཁྲིད་པ་ལྕམ་སྐུ་ལ་ཏི་ཀ་གུཔྟཱ་ལགས་ཀྱིས་བྱིས་པའི་ཀློག་རྩལ་ཁྲིད་ཐབས་དེ་བཞིན་ཁོང་ཉིད་ཀྱི་ཉམས་མྱོང་ཐོག་ནས་ལས་འགུལ་ལྟ་བུ་ཞིག་ཆགས་ཡོད་པ་དང་། དེ་བཞིན་ལས་གཞི་དེ་བཞིན་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་ལ་གཟིགས་ཚུལ་སྐོར་གསུང་བཤད་གནང་གྲུབ་མཚམས། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན།
དེ་རིང་སློབ་གྲྭའི་སྡེ་ཚན་མང་པོ་ཞིག་ནས་དགེ་རྒན་མང་པོ་ཞིག་ཕེབས་གནང་ཐུབ་པ་བྱུང་འདུག དེར་བརྟེན་རྣམ་པ་ཚོར་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་ཟབ་སྦྱོང་ཐེངས་བཅུ་དྲུག་པ་དེ་ཆགས་ཡོད་སྟབས། ད་ལྟ་གོང་དུ་ཟབ་ཁྲིད་པས་གསུངས་པ་བཞིན་ཟབ་ཁྲིད་དེ་བཞིན་ལས་འགུལ་ལྟ་བུ་ཞིག་ཆགས་ཡོད། དེ་ཡང་ང་ཚོས་གཞི་རིམ་འོག་མའི་སློབ་དགེ་ཡོངས་ལ་ཟབ་སྦྱོང་དེ་ཕུལ་བ་ལྟ་བུ་ཞིག་ཆགས་ཡོད། དེ་སྔོན་ཟབ་ཁྲིད་དེ་འདྲ་ཞིག་གནང་བ་དེ་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་དགེ་རྒན་ཁག་གཅིག་གིས་གསུངས་བྱུང་བ་མ་ཟད། མང་པོ་ཞིག་གིས་བསམ་འཆར་ནང་དེ་སྔོན་ཐབས་ལམ་དེ་མེད་པར་བརྟེན། སློབ་ཕྲུག་ཚོར་གྱོང་གུད་བྱུང་བ་སོགས་གསུང་མཁན་ཡང་བྱུང་སོང་། གང་ལྟར་ཀློག་རྩལ་ཁྲིད་ཐབས་དེ་བཞིན་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན་འདུག དེ་རིང་རྣམ་པ་ཚོར་དེའི་སྐོར་རེ་འདུན་ག་རེ་ཡོད་མེད་བཀའ་འདྲི་གནང་སྐབས་ཚང་མས་ལེགས་ཆ་གསར་པ་ཞིག་ཤེས་འདོད་ཀྱི་འདུན་པ་ཡོད་པ་ཞིག་མཐོང་སོང་། དེ་ནི་ཧ་ཅང་ཡག་པོ་རེད། ཅེས་དང་། བཀའ་བློན་མཆོག་གིས་ཟབ་སྦྱོང་སྐབས་དགེ་རྒན་རྣམ་པས་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བའི་ཐོག་ནས་ཟབ་སྦྱོང་འདིའི་ནང་ཆ་ཤས་ཡག་པོ་ཞིག་བཞེས་རྒྱུར་གཞེན་སྐུལ་གནང་བ་དང་། ཤེས་རིག་ལས་ཁུངས་ཀྱི་མཁས་པའི་སློབ་སྟོན་ཚོགས་ཆུང་ནས་ཉམས་ཞིབ་བྱས་པའི་གྲུབ་དོན་གཞིར་བཟུང་གཞི་རིམ་འོག་མ་ནི་རྩ་བ་ལྟ་བུ་ཞིག་ཆགས་ཡོད་སྟབས། རྩ་བ་དེ་བརྟན་པོ་ཡོང་བར་གཟིགས་ནས་གཞི་རིམ་འོག་མའི་དགེ་རྒན་གྱི་གླ་ཕོགས། དེ་བཞིན་དགེ་རྒན་གྱི་སྤུས་ཚད་ལེགས་པོ་ཡོང་ཆེད་མཐུན་འགྱུར་དམིགས་བསལ་བསྐྲུན་པ་དང་།
དེ་ལྟར་གནང་རྒྱུ་ཡིན་པ། ལྷག་པར་འདས་པའི་ཤེས་རིག་གི་ལས་དོན་གནང་ཕྱོགས་ནང་གཞི་རིམ་འོག་མའི་སློབ་ཕྲུག་ཚོའི་བསམ་བློར་གཞིགས་ཏེ་སྒྲུང་དང་རི་མོ་སོགས་ཀྱི་ཐོག་ལའང་འབྲེལ་ཡོད་ཕྱག་ལས་གནང་མཁན་ཚོར་ཟབ་སྦྱོང་ཐེངས་མང་ཕུལ་ཡོད་སྐོར། དེ་བཞིན་སློབ་གྲྭ་ཁག་དང་གཞིས་ཆགས་ཁག་གི་ནང་ཀློག་རྩལ་ཐབས་ལམ་གོང་མཐོར་གཏོང་ཆེད་དཔེ་མཛོད་བཙུགས་ཡོད་པ་མ་ཟད། མུ་མཐུད་སློབ་གྲྭ་ཁག་འགའ་ཤས་ནང་དེ་ལྟར་འཛུགས་འཆར་ཡོད་པ། རྩ་བ་བརྟན་པོ་ཞིག་དགོས་པ་དེ་གལ་ཆེ་ཤོས་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་ཐེངས་འདིའི་ཟབ་སྦྱོང་འདི་ཉིད་གོ་སྒྲིག་གནང་བ་ཞིག་ཡིན་སྐོར། ཤེས་ཡོན་ལམ་ལུགས་ནང་དགེ་རྒན་དང་སློབ་ཕྲུག་གཉིས་ཀར་ཤེས་ཡོན་ཐོག་ཡར་རྒྱས་འགྲོ་དགོས་པ། དགེ་རྒན་ཞིག་ཡིན་པའི་ངོས་ནས་ཕྲུ་གུར་ཤ་ཚ་ཡོད་པའི་ཐོག་ནས་དགེ་རྒན་ལས་ཀར་ཞུགས་པ་ཡིན་ཞེས་པ་དེ་གནད་འགག་ཆེན་པོ་ཡིན་པ། དེ་མཚུངས་དགེ་རྒན་ཞིག་ལ་མཚོན་ན་ཤེས་ཚད་ཡག་པོ་ཡོད་དགོས་པ། ཤེས་ཚད་ཡག་པོ་ཡོད་ཐོག་སློབ་ཁྲིད་ཐབས་ལམ་ཡག་པོ་ཡོད་པ། དེ་གཉིས་གཅིག་པུས་མི་འགྲིག་པར་ལྷག་བསམ་དགོས་པ་དེ་ཧ་ཅང་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་རྗེས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་སྐལ་བཟང་མགོན་པོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་ལས་རིམ་མཇུག་སྒྲིལ།
ཐེངས་བཅུ་དྲུག་པའི་ཟབ་སྦྱོང་ནང་ཟབ་ཁྲིད་གནང་མཁན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ལྕམ་སྐུ་ལ་ཏི་ཀ་གུཔྟཱ་ Dr. Latika Gupta ལགས་ཡིན་འདུག་པ་དང་། ཟབ་སྦྱོང་འདི་བཞིན་ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་ USAID རོགས་ཚོགས་ནས་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་པ་བཅས། །