༢༠༡༦ ཟླ་ ༤ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༡ ཉིན་རྡ་སའི་ཉེ་འཁྲིས་སུ་ཡོད་པའི་དབུས་སྣེ་ལེན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་བཞི་པ་དབུ་འཛུགས་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་དབུས་སྣེ་ལེན་ཁང་གི་འགན་འཛིན་བཀྲ་ཤིས་ནོར་བུ་ལགས། ཟབ་སྦྱོང་སྤྲོད་མཁན་སྐུ་ཞབས་སན་ཇེ་ཨུ་པན་དྷ་རམ་ Sanjay Upendrum ལགས། ཤེས་རིག་མདུན་ལམ་སློབ་སྟོན་པའི་སྤྱི་ཁྱབ་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་། གཏན་ཉིན་སློབ་ཁག་གི་སྐུ་ཚབ་དགེ་རྒན་དང་རྒན་བདག་བཅས་ཁྱོན་མི་གྲངས་ ༥༦ བརྒལ་བ་ལྷན་འཛོམས་ཐོག་མདུན་ལམ་སློབ་སྟོན་སྤྱི་ཁྱབ་འགན་འཛིན་གྱིས་ཕེབས་བསུ་དང་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས་སྐུ་ཚབ་དགེ་རྒན་དང་ཟབ་སྦྱོང་བ་རྣམས་ནས་རང་ཉིད་ངོ་སྤྲོད་གནང་གྲུབ་མཚམས། འགོ་ཁྲིད་ཀྱི་ཟབ་སྦྱོང་སྤྲོད་མཁན་སྐུ་ཞབས་ སན་ཇེ་ཨུ་པན་དྷ་རམ་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་སྐོར་གསུང་བཤད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་ཆབས་ཅིག་གསུང་བཤད་གནང་དོན། འགོ་ཁྲིད་ཀྱི་ཟབ་སྦྱོང་འདི་བཞིན་ཧ་ཅང་གལ་ཆེར་བརྩི་བཞིན་ཡོད། སྲིད་སྐྱོང་མཆོག་གི་ངོས་ནས་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་ཆེད་ཟབ་སྦྱོང་སྤྲོད་རྒྱུ་དེ་གལ་ཆེན་པོ ཞིག་ལ་ངོས་འཛིན་གནང་བཞིན་ཡོད་པར་བརྟེན། འཛིན་རིམ་བཅུ་པའི་སློབ་ཕྲུག་དང་། སློབ་གྲྭའི་རྒན་བདག མཐོ་རིམ་སློབ་གྲྭར་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་རྣམས་ལ་མདུན་ལམ་ཚན་པའི་ངོས་ནས་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད། འགོ་ཁྲིད་གནང་ཕྱོགས་དང་འབྲེལ་བའི་ཐོག་ཟབ་སྦྱོང་སྤྲད་རྒྱུ་དེ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། ལྷག་པར་ང་ཚོ་མི་འབོར་གྱི་ཆ་ནས་ཉུང་ཉུང་ཡིན་པ་དང་ཁ་གཏད་ཀྱི་ཆ་ནས་རྒྱ་ཆེན་པོ་ཡོད་སྟབས། ང་ཚོའི་མི་འབོར་དང་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་བརྒྱ་ཆ་བརྩིས་པ་ཡིན་ན་ཧ་ཅང་ཉུང་བ་ཡོད།
དེར་བརྟེན་ང་ཚོར་མི་ཆ་དང་མཐུན་རྐྱེན་གང་ཡོད་པ་དེ་དག་གི་སྤུས་ཚད་གོང་མཐོར་གཏང་རྒྱུ་དེ་གནད་འགག་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འགྲོ་སོང་བཏང་སྟེ་མཐུན་རྐྱེན་སྦྱར་རྒྱུ། ཟབ་ཁྲིད་པ་ཚོར་དངུལ་སྤྲད་རྒྱུ་དེ་མིན་པར་ཁྱེད་རང་ཚོར་དེའི་རིན་ཐང་དེ་རག་ན་བསམས་ཏེ་སྤྲོད་བཞིན་ཡོད། ཁྱེད་རང་ཚོས་ཟབ་སྦྱོང་གི་དུས་ཡུན་རིང་དོ་སྣང་ཤུགས་ཆེ་ཙམ་གནང་དགོས། ཁྱེད་རང་ཚོའི་ཐོས་རྒྱ་མཐོང་རྒྱ་སྔར་ལྷག་ཡར་རྒྱས་གཏོང་ཆེད་ཤེས་རིག་མདུན་ལམ་ཚན་པས་གོ་སྒྲིག་གནང་ཡོད། སྤྱིར་བཏང་ངས་འགོ་ཁྲིད་ཚད་ལྡན་ཞིག་ཡོང་བར་དབྱེ་བ་གསུམ་དུ་ཕྱེ་བཞིན་ཡོད། དེ་ནི་ཕྱིའི་ཆ་རྐྱེན་དང་ནང་གི་ཆ་རྐྱེན། ཕྱི་ནང་ཐུན་མོང་གི་ཆ་རྐྱེན་བཅས་ཡིན། ནང་གི་ཆ་རྐྱེན་ལྟ་བུ་མཚོན་ན། བྱམས་སྙིང་རྗེ་དང་ལྷག་བསམ། དྲང་བདེན་བཅས་ཡིན། འགོ་ཁྲིད་སུ་ཞིག་ཡིན་རུང་ཆ་རྐྱེན་འདི་དག་ངེས་པར་དུ་དགོས་གལ་ཆགས་ཡོད། ཕྱིའི་ཡོན་ཏན་དེ་བཀའ་མོལ་ཡག་པོ་གནང་ཐུབ་མཁན་དང་བློས་གཏོང་གི་བསམ་བློ། ཐག་གཅོད་བྱེད་ཐུབ་རྒྱུའི་སྤོབས་པ་དགོས་ཀྱི་ཡོད། ཕྱི་ནང་གཉིས་ཟུང་དུ་སྦྲེལ་ནས་དགོས་རྒྱུ་ནི་བཟང་སྤྱོད་རེད། ལྷ་ཆོས་དགེ་བ་བཅུ་པོ་དེ་ཉམས་ལེན་བྱེད་ཐུབ་ན་ལུས་ངག་ཡིད་གསུམ་གྱི་བཟང་སྤྱོད་དེ་ནས་བསླེབས་ཀྱི་རེད་སྙམ་གྱི་འདུག སློབ་ཕྲུག་ཁྱེད་རང་ཚོས་ཤེས་རིག་ལས་ཁུངས་ནས་ཟབ་སྦྱོང་ཆེད་འགྲོ་སོང་བཏང་བ་དེ་བཏང་གོ་ཆོད་པ་ཞིག་ཡོང་རྒྱུར་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་དགེ་རྒན་རྣམ་པ་དང་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པ། དེ་བཞིན་ཟབ་ཁྲིད་པ་སན་ཇེ་ལགས་བཅས་ལ་ཐུགས་རྗེ་ཆེ་ཞུས་སོང་། དེ་ནས་མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཟབ་སྦྱོང་དངོས་གཞི་དབུ་འཛུགས་གནང་།
ཟབ་སྦྱོང་ཟབ་ཁྲིད་པ་སྐུ་ཞབས་སན་ཇེ་ཨུ་པན་དྷ་རམ་ལགས་ཀྱིས་འགོ་ཁྲིད་ཀྱི་ངོ་སྤྲོད་སྐོར་སོགས་དང་རྩོད་རྙོག་འདུམ་སྒྲིག་བྱེད་ཕྱོགས་སོགས་སློབ་ཁྲིད་གནང་རྒྱུ་དང་། དེ་བཞིན་ཟབ་སྦྱོང་ཉིན་བཞི་པའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཐུག་འཕྲད་གནང་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་སྐོར་བསྐྱོད་སོགས་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་བལ་གཉིས་ནས་གཏན་ཉིན་སློབ་གྲྭ་ཁག་ ༡༩ ནས་སློབ་ཕྲུག་ ༣༨ དང་དགེ་རྒན་སྐུ་ཚབ་ ༡༨ བཅས་ཁྱོན་མི་གྲངས་ ༥༦ ཙམ་མཉམ་ཞུགས་གནང་འདུག ཟབ་སྦྱོང་འདི་བཞིན་ཕྱི་ཚེས་ ༡༡ ནས་ ༡༦ བར་ཉིན་གྲངས་དྲུག་རིང་འཚོགས་རྒྱུ་ཡིན་འདུག་པ་བཅས།།