༢༠༡༦ ༤ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༣ ནས་ ༡༥ བར་ཨིན་ཡུལ་གྱི་ཨོག་སོ་ཕོ་ཌི་ Oxford གཙུག་ལག་སློབ་གྲྭའི་ཡན་ལག་ཚན་པ་སི་ཀོལ་ Skoll ཞེས་པའི་ཐེབས་རྩ་ཁང་གིས་གོ་སྒྲིག་འོག རྒྱལ་ཁབ་ ༦༠ ཙམ་ནས་གསར་གཏོད་ཀྱི་རྣམ་དཔྱོད་རབ་ཏུ་ཡངས་པའི་ཕུལ་བྱུང་གི་སྐྱེ་བོ་གྲངས་ ༡༠༠༠ འདུ་འཛོམས་ཐོག སྤྱི་ཚོགས་ཀྱི་ཕན་བདེ་དང་འབྲེལ་བའི་ལས་རིགས་སྣ་མང་སྤེལ་བ་བརྒྱུད་ཕྱོགས་ཡོངས་ནས་སྤྱི་ཚོགས་ཀྱི་གནས་སྟངས་ཡར་རྒྱས་ཇི་ལྟར་གཏོང་དགོས་པའི་ཐབས་ལམ་དང་འཆར་གཞི། དམིགས་ཡུལ། གྲུབ་འབྲས། བརྒྱུད་ལམ། ཤེས་ཡོན་གྱི་ནུས་པ་སོགས་ཀྱི་སྐོར་གོ་བསྡུར་ལྷུག་པོ་གནང་བ་མ་ཟད། ལོ་ལྟར་སྤྱི་ཚོགས་ཕན་བདེའི་སླད་གཟེངས་སུ་ཐོན་པའི་བྱས་རྗེས་འཇོག་གནང་མཁན་གྱི་གང་ཟག་ལ་གོ་ལའི་གཅེས་ནོར། ཞེས་པའི་ཟེངས་རྟགས་འབུལ་ལམ་ཞུ་སྲོལ་ཡོད་པ་ལྟར།
འདི་ལོའི་གོ་ལའི་གཅེས་ནོར་ Global Treasure Award གྱི་གཟེངས་རྟགས་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་འདུག དེ་ཡང་ཕྱི་ཚེས་ ༡༤ ཉིན་བྱམས་བརྩེ་གོང་སྤེལ་ཆེད་འཇིགས་ཞུམ་མེད་པར་ཐུགས་བརྩོན་མཛད་མཁན་གྱི་མི་སྣའི་སྐོར་བགྲོ་གླེང་གནང་མཐར་༸གོང་ས་མཆོག་ལ་གོ་ལའི་གཅེས་ནོར། ཞེས་པའི་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་ཐག་གཅོད་བྱུང་འདུག མགོན་པོ་གང་ཉིད་མཆོག་གཟེངས་རྟགས་བཞེས་ཆེད་སྐུ་དངོས་ཆིབས་སྒྱུར་བསྐྱང་གནང་མཛད་ཐུབ་མེད་ཀྱང་། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་ཀྱིས་སྐུའི་སྐུ་ཚབ་ཞུས་ནས་གཟེངས་རྟགས་བཞེས་གནང་ཡོད།
ཐེངས་འདིར་གཟེངས་རྟགས་མཛད་སྒོའི་ཐོག་ཐེབས་རྩའི་འགན་འཛིན་སྐུ་ཞབས་ཇེབ་སི་ཀོལ་ Jeff Skoll ལགས་ཀྱིས་༸གོང་ས་མཆོག་གི་སྐོར་ལ་ངོ་སྤྲོད་ཞུས་པ་དང་སྦྲགས་གསུང་བཤད་གནང་དོན། ང་ཚོས་འདི་ལོའི་གོ་ལའི་གཅེས་ནོར་གྱི་གཟེངས་རྟགས་འདི་བྱམས་བརྩེའི་ཉམས་ལེན་པ་འགྲན་ཟླ་བྲལ་བ་ཞིག་ལ་འབུལ་རྒྱུའི་ཐོག་མའི་འཆར་གཞི་ཡོད་པ་ལྟར། ༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ལ་འབུལ་ལམ་ཞུ་རྒྱུའི་ཐག་གཅོད་བྱུང་། ཏཱ་ལའི་བླ་མ་མཆོག་ནི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་དབུ་ཁྲིད་ཅིག་དང་། མི་གྲངས་ས་ཡ་མང་པོར་སྙིང་སྟོབས་སྤེལ་གནང་མཛད་མཁན་ཞིག་ཡིན། འོན་ཀྱང་ཁོང་གིས་དུས་རྟག་ཏུ། ཁོང་རང་ཉིད་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན། ཞེས་བཀའ་སློབ་སྩོལ་བཞིན་ཡོད། ང་ཚོས་དེ་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་དངོས་འདིར་ཆིབས་སྒྱུར་བསྐྱངས་ཐུབ་པ་བྱུང་ན་བསམས་ནས་རེ་བ་ཞུས་ཡོད་ཀྱང་། སྐུའི་འཕྲོད་བཞེས་ཀྱི་གནད་དོན་དང་འབྲེལ་ནས་ཆིབས་སྒྱུར་བསྐྱང་ཐུབ་མེད། ང་ཚོས་༸གོང་ས་མཆོག་གི་སྐུ་གཟུགས་སྔར་ལྷག་དྭངས་བསྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གི་མཛད་འཕྲིན་དེ་དག་སྤྱི་ཚོགས་ཕན་བདེའི་སླད་ཧ་ཅང་ཕན་རླབས་ཆེ་བ་ཞིག་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ད་བར་ཕྱག་དེབ་བརྒྱ་ལྷག་ལྗགས་རྩོམ་མཛད་ཡོད་པའི་ཁོངས་ནས་འགོ་ཁྲིད་ཀྱི་ཐབས་ལམ། Leader`s Way –Bussiness,Buddhism and interconnected World ཞེས་པ་དེ་ཡང་ཡོད། དེབ་དེའི་ནང་༸གོང་ས་མཆོག་གིས་ཡང་དག་པའི་ལྟ་བ། ཡང་དག་པའི་རྟོག་པ། ཡང་དག་པའི་ལས་ཀྱི་མཐའ་སོགས་ནང་པའི་ལྟ་གྲུབ་ཀྱི་སྙིང་པོ་འཕགས་ལམ་ཡན་ལག་བརྒྱད་ཀྱི་ཉམས་ལེན་དེ་དག་ཚོགས་པ་སྒྲིག་འཛུགས་བྱེ་བྲག་པ་གཅིག་གི་དབུ་ཁྲིད་ཁོ་ནས་བྱེད་དགོས་པ་ཞིག་མིན་པར། སྒྲིག་འཛུགས་ཀྱི་ཚོགས་མི་ཚང་མས་ཉམས་ལེན་བྱས་པ་ཡིན་ན་ལས་དོན་གང་ཅིར་ལམ་ལྷོང་ལྡན་པ་ཡོང་རྒྱུ་དང་། དབུ་ཁྲིད་ཀྱི་ལས་འགན་ནི་བྱམས་བརྩེའི་ཉམས་ལེན་གཞི་རྩར་བཟུང་བའི་ཐབས་ལམ་དེའི་ཐོག་ནས་སྒྲིག་འཛུགས་འཛིན་སྐྱོང་བྱེད་དགོས་པ་དང་།
དེ་ཡང་དངོས་ཡོད་གནས་ཚུལ་གཞི་ལ་བཞག་ནས་འགྲོ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་བཀའ་སློབ་སྩལ་བ་མ་ཟད། དབུ་ཁྲིད་ངོ་མ་ནི་འཛམ་གླིང་གི་གནས་སྟངས་ལ་ཕྱོགས་ཡོངས་ནས་ལྟ་ཐུབ་ཅིང་། སུས་ཀྱང་འགོག་ཐབས་མེད་པའི་དུས་ཀྱི་འགྱུར་འགྲོད་དང་འཚམས་པའི་ཐག་གཅོད་གནང་ཐུབ་པ། དེ་བཞིན་དཔལ་འབྱོར་ལ་མཚོན་ན་དཔལ་འབྱོར་ལམ་ལུགས་ཁྲོད་བཟང་སྤྱོད་ཉམས་ལེན་ཚུད་ཐབས་བྱེད་དགོས་སྐོར་བཀའ་སློབ་སྩལ་ཡོད། ཅེས་ངོ་སྤྲོད་ཞུས་གྲུབ་མཚམས་༸གོང་ས་མཆོག་གིས་གཟེངས་རྟགས་མཛད་སྒོར་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་ཞུས། དེ་ཡང་གསུང་འཕྲིན་ནང་འཁོད་དོན།
དེ་རིང་གོ་ལའི་ལྷན་ཚོགས་འདིར་ངོས་རང་མཉམ་ཞུགས་བྱེད་ཐུབ་ན་བསམས་བྱུང་། གང་ཡིན་བརྗོད་ན་ལྷན་ཚོགས་འདིའི་འཆར་སྣང་དང་འབད་བརྩོན་དེ་ངོས་ཀྱི་མི་ཚེའི་ནང་གཞི་རྩའི་འགན་ཁུར་གསུམ་ཐོག་ཤུགས་རྒྱག་བཞིན་ཡོད་པ་ལས་གཅིག་དང་འབྲེལ་བ་འདུག དེ་ནི་འགྲོ་བ་མིའི་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཐབས་བྱ་རྒྱུ་འདི་རེད། བྱམས་བརྩེ་དང་བཟོད་སྲན། ཆོག་ཤེས། བག་ཡོད་སོགས་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུར་ངོས་ལ་ཆོད་སེམས་བརྟན་པོ་ཡོད། དེང་སྐབས་རིན་ཐང་དེ་དག་ཆོས་ཀྱི་གནད་དོན་ཙམ་ཞིག་མིན་པར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་རྒྱུའི་ཐབས་ལམ་ཞིག་ཡིན་པ་མི་མང་པོར་ཤེས་རྟོགས་འབྱུང་བཞིན་ཡོད། དེར་བརྟེན་གལ་ཏེ་ང་ཚོས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བཟོ་དགོས་ན་ང་ཚོ་ཚང་མས་གཞི་རྩའི་འགྲོ་བ་མིའི་རིན་ཐང་དེ་དག་ཤེས་དགོས་པ་ཙམ་མ་ཟད། མི་རེ་ངོ་རེས་རང་གི་མི་ཚེའི་ཉམས་ལེན་ནང་བཟང་སྤྱོད་དེ་དག་རྒྱུན་སྐྱོང་བྱེད་དགོས། ཞེས་འཁོད་པ་སྒྲོག་སྦྱངས་ཞུས་བསྟུན་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས་ཀྱིས་གོ་ལའི་གཅེས་ནོར་གྱི་གཟེངས་རྟགས་བཞེས་གནང་ཡོད་པ་བཅས།།