༢༠༡༦ ཟླ་ ༤ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡༠ རེས་གཟའ་ཉི་མའི་སྔ་དྲོར་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ཀོལ་ལམ་Kollam གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་པུ་ཊིང་གལ་ལྷ་མོ་ཁང་ Puttingal Devi temple ལ་མེ་སྐྱོན་ཤོར་རྗེས་མི་གྲངས་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། གནས་མཇལ་བ་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་པར་༸གོང་ས་མཆོག་གིས་ཐུགས་གསོ་མཛད་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨོ་མེན་ཅན་ཌི་Shri Oommen Chandy མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། གོད་ཆག་འདིའི་འོག་རྐྱེན་འདས་ཕྱིན་པ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་དང་རྨས་སྐྱོན་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། རྨས་མ་རྣམས་ལ་སྨན་བཅོས་གང་ལེགས་གནང་བཞིན་ཡོད་པ་མ་ཟད། ངལ་སེལ་རོགས་སྐྱོབ་ཆེད་ངལ་བ་ཁྱད་བསད་གནང་དང་གནང་མུས་ཡིན་པ་ངོས་ཀྱིས་ཤེས་ཀྱང་སེམས་གསོ་མཚོན་སླད་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ངོས་ཀྱིས་ངལ་སེལ་རོགས་སྐྱོབ་ཆེད་ཞལ་འདེབས་ཕྲན་བུ་ཞིག་འབུལ་རྒྱུ་ཡིན། སྨོན་འདུན་ཤུགས་དྲག་དང་བཅས། ཞེས་འཁོད་འདུག