༢༠༡༦ ཟླ་ ༤ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༢ རེས་གཟའ་པ་སངས་ཉིན་ཨིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཨིན་ཡུལ་བོད་ཀྱི་ཐེབས་རྩའི་ (Tibet House Trust) མཐུན་འགྱུར་འོག་ཐེ་ཝན་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་གནང་ནས། ཐེ་ཝན་རྒྱལ་ས་ཐེ་པེའི་ནང་དུ་ཐུན་མོང་གི་གཞི་རྟེན་འཚོལ་བ། ཞེས་བོད་རྒྱའི་རྒྱབ་སྐྱོར་ཚོགས་ཆེན་ཉིན་གསུམ་རིང་དབུ་འཛུགས་གནང་ཡོད། དེ་ཡང་ཕྱི་ཚེས་ ༢༢ རེས་གཟའ་པ་སངས་ཉིན་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༸གོང་ས་མཆོག་གིས་སྩལ་བའི་གསུང་འཕྲིན་བརྙན་འཕྲིན་བརྒྱུད་ཚོགས་བཅར་བ་རྣམས་ལ་གཟིགས་འབུལ་ཞུས་ཡོད། ༸གོང་ས་མཆོག་གིས་སྩལ་བའི་གསུང་འཕྲིན་དེའི་ནང་འཁོད་དོན།
ད་ལམ་ཐེ་ཝན་ལ་རྒྱ་རིགས་གྲོགས་པོ་དང་ང་རང་ཚོ་བོད་རིགས་རྒྱ་སྐད་ཤེས་མཁན་ཚོ་ལྷན་འཛོམས་ཐོག་ཚོགས་ཆེན་ཞིག་གོ་སྒྲིག་གནང་ཡོད། ང་ཚའི་དཀའ་ངལ་དེ་རྒྱ་བོད་ཟུང་འབྲེལ་ཐོག་ནས་སེལ་རྒྱུ་ཞིག་ཡིན་པར་བརྟེན་དམིགས་བསལ་བར་སྐབས་ཤིག་ནས་རྒྱ་རིགས་གྲོགས་པོ་གྲོགས་མོ་རྣམས་དང་ལྷན་དུ་ཐུག་ནས་ང་ཚོས་དངོས་ཡོད་བདེན་པའི་གནས་ཚུལ་གསལ་བཤད་བྱེད་རྒྱུ་དང་། རྒྱ་རིགས་ཚོའི་བསམ་ཚུལ་གང་ཡོད་པ་དེ་དག་ང་ཚོས་ཉན་ནས་གོ་བསྡུར་བྱ་རྒྱུ་ཞིག་བྱུང་བ་རེད། དངོས་གནས་བྱས་ན་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་གྱི་གནས་ཚུལ་མ་བྱུང་གོང་ནས་ཡིན་གཅིག་མིན་གཉིས་ང་ཚོ་དང་ཐུག་ནས་འབྲེལ་བ་མཐུད་ནས་འབྲེལ་བ་བྱེད་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱེད་བསྡད་ཀྱི་ཡོད། འོན་ཀྱང་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་གནས་ཚུལ་མ་བྱུང་བར་དུ་རྒྱ་རིགས་ཚོར་ཕར་ང་ཚོས་འབྲེལ་བ་བྱེད་རྒྱུ་དེ་ཡང་ཁག་པོ་བྱུང་ཡོད། དོན་རྐྱེན་གནས་ཚུལ་དེ་བྱུང་རྗེས་རྒྱ་རིགས་མཉམ་པོར་འབྲེལ་བ་བྱེད་རྒྱུ་དེ་སྟབས་བདེ་རུ་ཕྱིན་པ་དང་འབྲེལ་བ་བྱེད་བདེ་རུ་ཕྱིན་པ་རེད། དེ་སྔ་རྒྱ་བོད་གྲོགས་པོ་ཁག་གཅིག་རུག་རུག་བྱེད་རྒྱུ་བྱུང་བ་རེད་ལ། ད་ལན་ཐེ་ཝན་ནང་གཞི་རྒྱ་ཆེ་ཙམ་བྱས་ནས་ཚོགས་རྒྱུ་ཡིན་པ་རེད།
དེར་བརྟེན་ཚོགས་ཞུགས་ཁྱེད་རང་ཚོ་ཚང་མར་ཕྱོགས་གཅིག་ནས་འཚམས་འདྲི་ཞུ་རྒྱུ་དང་། ཕྱོགས་གཅིག་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཆེ་ས་ནས་བཤད་པ་ཡིན་ན་ང་ཚོ་ཚང་མ་འཛམ་བུ་གླིང་འདི་སྒང་གི་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པའི་ནང་གི་ཆ་ཤས་ཤིག་ཆགས་ཡོད། ངོས་རང་ནམ་རྒྱུན་རྟག་པར་བསམ་བློ་འདི་གཏོང་གི་ཡོད། ངོས་རང་ཆོས་པ་ཞིག་ཡིན་པའི་ཆ་ནས་བྱང་ཆུབ་སེམས་ཀྱི་སྡེ་སྣོད་ཀྱི་གཞུང་ཉམས་ལེན་བྱེད་མཁན་ཞིག་ཡིན་པའི་ངོས་ནས་སེམས་ཅན་ཐམས་ཅད། ཅེས་སྨོན་ལམ་རྒྱག་བཞིན་ཡོད། སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་བརྒྱབ་པ་འདི་འདྲ་ཆག་ཆག་གཅིག་བྱས་ནས་སྨོན་ལམ་བརྒྱབ་པ་ཡིན་ན་གནས་ཚུལ་ཐ་དད་རེད། སྨོན་ལམ་བརྒྱབ་རྒྱུ་དེ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཡིན་ན། འཛམ་གླིང་གངྒའི་རླུང་གི་བྱེ་མ་སྙེད། ཅེས་གསུངས་པ་བཞིན་མཐའ་མེད་པ་ཞིག་རེད། དེ་དག་ལ་ང་ཚོས་སྨོན་ལམ་བརྒྱབ་པ་ལས་གཞན་བྱ་རྒྱུ་གང་ཡང་མེད། འཛམ་གླིང་འདི་ང་ཚོར་འབྲེལ་བ་ཡོད་པ་རེད། འཛམ་གླིང་འདིར་ཆ་མཚོན་ནའང་སྲོག་ཆགས་འབུ་སྲིན། བྱ་བྱིའུ། རི་དྭགས་སོགས་གྲངས་ཀྱི་མི་ལང་བ་ཞིག་ཡོད་པ་རེད། དེ་དག་ལ་ང་ཚོས་སྨོན་ལམ་བརྒྱབ་རྒྱུ་ལས་གཞན་གང་ཡང་མི་འདུག ང་རང་ཚོས་ངོས་ནས་བྱེད་རྒྱུ་ཡོད་པ་འདི་འཛམ་གླིང་འདི་སྒང་གི་མི་དུང་ཕྱུར་བདུན་ཅུ་ཡོད་པ་དེ་དག་ནམ་རྒྱུན་ང་རང་ཚོས་ཤོད་པ་ལྟར་སྨྲ་ཤེས་དོན་གོ་བ་ཞེས་གསུངས་པ་བཞིན། སྨྲ་ཤེས་ཞེས་སྐད་ཡིག་མི་འདྲ་བ་ཡོད་རུང་སྐད་ཆ་བཤད་རྒྱུ་ཡོད་པ་འདིའི་ཐོག་ནས་གཙོ་ཆེ་ཤོས་མིའི་རྣམ་དཔྱོད་ཅེས་ཡོད་པ་འདི་འཕྲལ་སེལ་གྱི་སྒོ་ལྔའི་ཤེས་པ་ལ་བརྟེན་མཁན་གྱི་ཚོར་བ་བདེ་སྡུག་ཙམ་མ་ཡིན་པར་ཕུགས་རྒྱང་རིང་པོ་དང་རྒྱ་ཆེ་ས་ནས་བསམ་བློ་གཏོང་ཐུབ་མཁན་གྱི་ནུས་པ་ཞིག་ཡོད་པ་རེད། དེར་བརྟེན་སེམས་ཅན་ཐམས་ཅད།
ཅེས་སྨོན་ལམ་བརྒྱབ་པ་འདི་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྒྲུབ་རྒྱུ་དེ་འཛམ་གླིང་འདིའི་སྒང་གི་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ལ་ཕན་པ་བསྒྲུབ་རྒྱུའི་གོ་སྐབས་ཤིག་ཡོད་པ་རེད། རྒྱ་ནག་ལྟ་བུར་ཆ་མཚོན་ན་འཛམ་གླིང་འདིའི་སྒང་གི་མི་གྲངས་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་རེེད། ལོ་རྒྱུས་དང་རིག་གཞུང་ལྡན་པའི་རྒྱལ་ཁབ་ཅིག་རེད། སྤྱི་ཡོངས་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་རྒྱ་རིགས་ཚོ་ནང་པའི་ཆོས་རྒྱུན་འཛིན་མཁན་ཞིག་ཆགས་ཡོད། དེའི་ནང་ཚན་ནས་ཤེས་རབ་སྙིང་པོ་འདོན་མཁན། གང་ལྟར་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཞིག་ཆགས་ཡོད། ང་ཚོ་བོད་པར་ཆ་བཞག་ན་སྤྱིར་མི་གྲངས་ཉུང་ཉུང་རེད། འོན་ཀྱང་དཔལ་ནཱ་ལནྡྲའི་མཁས་པའི་དབང་པོ་ཀླུ་སྒྲུབ་དང་ཐོགས་མེད་གཙོ་བོར་གྱུར་པའི་མཁས་པའི་དབང་པོ་ཚོའི་རྨད་དུ་འབྱུང་བའི་ལེགས་བཤད། སྔོན་བྱུང་གི་ལེགས་བཤད་ཙམ་དུ་མ་ཟད། དུས་ད་ལྟའང་འབྲེལ་བ་ཡོད་པའི་ལེགས་བཤད་ཅིག་ང་ཚོ་བོད་ཀྱི་ཆོས་བརྒྱུད་ནང་ད་ལྟ་སོས་ཉམས་ལྡན་པ་ཞིག་བྱས་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ཉར་ཚགས་བྱས་ནས་བསྡད་ཡོད།
དེར་བརྟེན་བར་སྐབས་ང་ཚོ་དངོས་ཡོད་གནས་ཚུལ་ཐོག་ནས་རྒྱ་བོད་གཉིས་དབར་འདྲ་ཆགས་པོ་བྱེད་རྒྱུ་གང་ཡང་མེད། གང་ལྟར་རྒྱ་བོད་གཉིས་དབར་དཀའ་ངལ་ཞིག་ཡོད་པ་རེད། དཀའ་ངལ་དེ་མིས་བཟོས་པའི་དཀའ་ངལ་ཞིག་རེད། འཛམ་གླིང་གཞན་དག་ལ་མིས་བཟོས་པའི་དཀའ་ངལ་ཧ་ཅང་མང་པོ་འདུག མིས་བཟོས་པའི་དཀའ་ངལ་དེ་ང་ཚོ་མི་དང་མི་ཐུག་ནས་སྐད་ཆ་བཤད་དགོས་པ་རེད། སྐད་ཆ་བཤད་སྐབས་ང་དང་ཁྱོད་ཅེས་པའི་སྐད་ཆ་དེ་མ་ཡིན་པར་ང་ཚོ་ཞེས་སྐད་ཆ་བཤད་ནས་རྒྱ་མི་རིགས་ཚོར་ཆ་བཞག་ནའང་ལོ་རྒྱུས་དང་སྙིང་སྟོབས་ལྡན་པའི་མི་རིགས་ཤིག་རེད། ལོ་སྟོང་ཕྲག་རིང་རྒྱ་བོད་གཉིས་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ང་ཚོ་བོད་པར་ཆ་བཞག་ནའང་དེ་དེ་བཞིན་གྱི་གང་ལྟར་རྣམ་དཔྱོད་དང་སྙིང་སྟོབས་ལྡན་པ་ཞིག་རེད། ང་ཚོ་གཅིག་གིས་གཅིག་ལ་གྲོགས་པོའི་འདུ་ཤེས་བཞག གཅིག་གིས་གཅིག་ལ་བརྩེ་བ་ཡོད་པ་ཞིག་བྱེད་དགོས། སོ་སོ་གཅིག་པོའི་ཁེ་ཕན་ཁོ་ན་ལས་གཞན་ལ་བསམ་བློ་མ་བཏང་ན་ཡོང་རྒྱུ་གང་ཡང་མེད།
དེ་འདྲ་ཡིན་པར་བརྟེན་ངོས་ཀྱིས་བོད་ཀྱི་ཆབ་སྲིད་འགན་བླངས་པའི་སྐབས་ལ་ཉམས་མྱོང་མང་པོ་ཞིག་ཕྱོགས་བསྡོམས་བྱས་པའི་འབྲས་བུ་དེ་ང་ཚོ་རང་རྒྱལ་གཞན་ཕམ་ཞེས་པ་དེ་མ་ཡིན་པར་གཉིས་སྨན་ཞིག་ཡོང་ཐབས་བྱས་པ་རེད། རྒྱ་ནག་རྒྱལ་ཁབ་ཆ་བཞག་ནའང་བོད་རྒྱ་ནག་ནས་ཁ་བྲལ་མི་དགོས་པར་ཁྱིམ་ཚང་ཆེན་པོ་གཅིག་གི་ནང་ལ་མཛའ་མཐུན་བྱས་ནས་སྡོད་ཐུབ་རྒྱུ་ཞིག་དང་། ང་ཚོ་བོད་པར་ཆ་བཞག་ནའང་བོད་མིི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། དེ་དང་འབྲེལ་བའི་ཤེས་ཡོན་མང་པོ་ཞིག་ཡོད་པ་དེ་དག་བོད་པ་རང་གིས་བདག་གཉེར་ཡག་པོ་ཞིག་བྱེད་ཐུབ་རྒྱུ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཡག་པོ་ཞིག་བྱེད་ཐུབ་རྒྱུ་བཅས་གཉིས་སྨན་གྱི་བསམ་བློ་ཞིག་བཏང་ནས། ང་ཚོ་ཁ་བྲལ་བྱེད་ཀྱི་ཡིན། ཞེས་མཐའ་གཅིག་བྱས། ད་ལྟ་ཡོད་པ་འདི་འགྲིག་གི་འདུག
ཅེས་མཐའ་གཅིག་བྱས་ནས་མཐའ་གཉིས་དང་བྲལ་བའི་གཉིས་ཕན་གྱི་དབུ་མའི་ལམ། ཞེས་པ་ཞིག་ངོས་ཀྱི་འགན་འཁྱེར་བའི་སྐབས་དེ་འདྲ་ཞིག་བཟོས་པ་རེད། གཙོ་ཆེ་ཤོས་རྒྱ་མིའི་ཤེས་ཡོན་ཅན་མང་པོ་ཞིག་གིས་དེའི་ཐོག་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་ཀྱི་འདུག ངོས་རང་ལ་རྒྱ་མི་ཧ་ཅང་མང་པོ་ཐུག་མྱོང་། རྩོམ་ཡིག་ཆ་བཞག་ནའང་རྒྱ་ཡིག་ནང་རྩོམ་ཡིག་འདོན་པ་ཧ་ལམ་སྟོང་ཕྲག་སྐོར་ཞིག་ནང་དུའང་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བཞིན་འདུག དེས་ག་རེ་མཚོན་གྱི་ཡོད། ཅེས་ན། རྒྱའི་གྲོགས་པོ་ཤེས་ཡོན་ཅན་ཚོའི་ནང་ལ་དེ་དངོས་གནས་གཉིས་སྨན་རེད་འདུག དེ་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཁ་ཡོད་ལག་ཡོད་ཅིག་རེད་འདུག ཅེས་ངོས་འཛིན་བྱས་ནས་རྒྱབ་སྐྱོར་བྱེད་ཀྱི་འདུག
གང་ལྟར་རྒྱ་བོད་གཉིས་དབར་དཀའ་ངལ་ཞིག་ཡོད་པ་དང་། དཀའ་ངལ་དེ་དེ་འདྲ་བྱས་ནས་བསྡད་པ་ཡིན་ན་རྒྱ་ནག་གཞུང་ཡིན་ནའང་ངོ་ཚ་བོ་ཞིག་དང་། རྒྱ་ནག་གཞུང་གིས་ཀྱང་རྒྱ་ནག་མི་མང་ཚོར་འགྲེལ་བཤད་རྒྱག་སྐབས་འཁྱོག་བཤད་བརྒྱབ་པ་དང་། ང་ཚོ་བོད་མི་རིགས་རྣམས་རྒྱ་མི་རིགས་ལ་ངོ་རྒོལ་ཡིན་པ་ལྟ་བུ། ཏཱ་ལའི་བླ་མ་ཞེས་ལབ་དུས་ཁ་བྲལ་བྱས་ནས་རྒྱ་ནག་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་ཀྱི་ཡོད་པ་ལྟ་བུ་བཤད་སྐབས། རྒྱ་མི་བསམ་བློ་ཞེ་དྲགས་འཁོར་མ་ཐུབ་མཁན། ཕྱོགས་ཚང་མའི་གནས་ཚུལ་མ་རྟོགས་མཁན་ཞིག་གི་སེམས་ནང་ཁོང་ཁྲོ་བཟའ་རྒྱུ་དེ་འདྲ་ཡོང་གི་རེད། དེ་དགོས་མེད་རེད། དངོས་ཡོད་གནས་ཚུལ་མ་རེད། དེར་བརྟེན་ང་རང་ཚོ་ཕན་ཚུན་ཐུག་ནས་དངོས་ཡོད་གནས་ཚུལ་དེ་ཤེས་པ་བྱས། ང་ཚོ་མཐུན་མོང་གི་དཀའ་ངལ་སེལ་རྒྱུ་དེ་ཕན་ཚུན་ཚང་མར་འགན་ཡོད། འཛམ་གླིང་ཕྱི་ལོགས་སུ་བལྟས་པ་ཡིན་ནའང་ཤེས་གསལ་རེད། མི་དང་མིའི་དཀའ་ངལ་སེལ་བར་སྒོ་མཚོན་བེད་སྤྱོད་སྤྱད་ནས་གནོན་ཤུགས་སྤྲད་པ་ཡིན་ན་དཀའ་ངལ་སེལ་ཐུབ་ཀྱི་མེད། བོད་ཀྱི་གནས་སྟངས་མཚོན་ནའང་རྒྱ་མིའི་དམག་དཔུང་ཧ་ལས་པའི་སྟོབས་ཆེན་པོ་ཡོད་ནའང་། དམག་དཔུང་གཅིག་པུས་བོད་ཀྱི་དཀའ་ངལ་དེ་སེལ་ཐུབ་ཀྱི་མ་རེད། གལ་སྲིད་དེ་ལྟར་སེལ་ཐུབ་ཀྱི་ཡོད་ན་ད་གཟོད་བོད་ཀྱི་དཀའ་ངལ་དེ་སེལ་ནས་རྫོགས་ཚར་དགོས་པ་ཞིག་ཆགས་ཡོད། མི་རབས་བརྗེ་འགྲོ་གི་ཡོད་རུང་དཀའ་ངལ་ད་དུང་ལྷག་ཡོད། མི་དང་མིའི་དཀའ་ངལ་ཞེས་པ་འདི་གཙོ་བོ་སེམས་ནང་གཅིག་གིས་གཅིག་ལ་ཕན་ཚུན་བརྩི་བཀུར་བྱས། གཉིས་ཕན་གྱི་བསམ་བློ་བཏང་། ཕྱོགས་གཅིག་རྒྱལ། ཕྱོགས་གཅིག་ཕམ་ཞེས་པ་དེ་མ་ཡིན་པར་ཕུགས་རྒྱང་རིང་པོར་རྒྱུ་མཚན་ལྡན་པའི་ཐོག་ནས་བསམ་བློ་བཏང་ན་ང་ཚོའི་དཀའ་ངལ་སེལ་ཐུབ་པ་ཞིག་རེད།
ད་རིང་ཁྱེད་རང་ཚོའི་ཚོགས་འདུའི་ཐོག་ལ་དེ་སྔ་ཕན་ཆད་ཀྱི་དངོས་ཡོད་གནས་ཚུལ་གྱི་ཉམས་མྱོང་ཕྱོགས་བསྡོམས་ཤིག་བྱས་ནས་ང་ཚོས་གང་འདྲ་ཞིག་གི་ཐོག་ལ་ཤུགས་བརྒྱབ་དགོས་ཀྱི་འདུག རྒྱ་རིགས་གྲོགས་པོའི་ནང་ཆ་བཞག་ན་དངོས་ཡོད་གནས་ཚུལ་མ་ཤེས་མཁན་ཧ་ཅང་མང་པོ་འདུག ངོས་ཀྱི་ནམ་རྒྱུན་རྟག་པར་འདི་ཤོད་ཀྱི་ཡོད། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད་རེད། ཅེས་དངོས་ཡོད་གནས་ཚུལ་ཤེས་པའི་མཚམས་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཡོད་པ་རེད། དངོས་ཡོད་གནས་ཚུལ་བཀབ་ནས་སོ་སོའི་སྲིད་གཞུང་གི་སྲིད་བྱུས་མཁྲེགས་པོ་ཡོད་པ་འདི་གཞིར་བཟུང་གི་དྲིལ་བསྒྲགས་བྱས་ནས་ཕྱིན་པ་ཡིན་ན་འདི་ཡག་པོ་མི་འདུག ཅེས་ངོས་ནས་ནམ་རྒྱུན་དེ་འདྲ་ཤོད་ཀྱི་ཡོད། འཁྱོག་བཤད་དང་། གསར་འགྱུར་བཀག་བསྡོམས་བྱས་པ་འདི་དག་རྒྱ་ནག་ནང་ཁུལ་ལ་བྱེད་རྒྱུ་རེད་མ་གཏོགས་རྒྱ་གར་དང་འཛམ་གླིང་གཞན་བཅས་ལ་ཁྱབ་རྒྱུ་མ་རེད།
ཕྱོགས་གཅིག་ནས་བསམ་བློ་གཏང་ན་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་བཅུ་བཞི་ཡོད་པ་དེ་ཚོར་མགོ་སྐོར་གཏོང་གི་ཡོད་པ་རེད། དེང་སྐབས་འཛམ་གླིང་འདིའི་སྒང་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་དངོས་ཤུགས་བརྒྱུད་གསུམ་ནས་གོ་འགྲོ་གི་ཡོད། ལྷག་པར་དེང་སྐབས་འཕྲུལ་ཆས་མང་པོ་ཞིག་ཡོད་པ་དེ་འདྲ་ཞིག་གི་འོག་ལ་གནས་ཚུལ་དེ་བཀབ་ཐུབ་ཐབས་མེད། འབྲས་བུ་དེས་རྒྱ་ནག་མི་མང་དངོས་ཡོད་གནས་ཚུལ་ཏོག་ཙམ་ཤེས་པ་དེ་ཚོས་རྒྱ་ནག་གཞུང་ལ་ཡིད་ཆེས་བརླག་རྒྱུ་དང་ཐེ་ཚོམ་སྐྱེ་གཞི་ཞིག་ཆགས་ཀྱི་རེད། དེར་བརྟེན་གང་ལྟར་དངོས་ཡོད་གནས་ཚུལ་གསལ་པོ་ཞིག་སྔོན་ལ་བཟོས་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་རིང་རྒྱ་རིགས་གྲོགས་པོ་ཚོ་འདིར་ཕེབས་ཡོད་པ་རེད། ཁྱེད་རང་ཚོས་བློ་གཟུ་བོར་གནས་པའི་ཐོག་ནས་དངོས་ཡོད་གནས་ཚུལ་དེ་ཉམས་ཞིབ་གནང་། དངོས་ཡོད་གནས་ཚུལ་ནང་འདས་པའི་ལོ་རྒྱུས་དེར་ཡང་འབྲེལ་བ་ཞིག་ཡོང་གི་ཡོད། རྒྱ་བོད་གཉིས་ལོ་སྟོང་ཕྲག་ཁ་ཤས་རིང་ལོ་རྒྱུས་ཡོད་པ་ཞིག་ཆགས་ཡོད། དེར་བརྟེན་གང་འདྲ་རེད་འདུག་གམ། ང་ཚོ་འདས་པའི་ལོ་རྒྱུས་གླེང་ནས་ད་ལྟ་ང་ཚོ་འདས་པའི་གནས་སྟངས་ནང་བཞིན་དགོས་ཡོད། ཅེས་སུས་ཀྱང་ཟེར་རྒྱུ་མ་རེད།
དཔེར་ན། ངོས་རང་ལ་ཆ་བཞག་ན་འཛམ་གླིང་དང་དུས་རབས་ལ་འགྱུར་བ་འགྲོ་གི་ཡོད་པར་བརྟེན་དངོས་ཡོད་གནས་ཚུལ་ལ་བརྟེན་ནས་འགྲོ་དགོས་པ་ཞིག་རེད་མ་གཏོགས་འདས་པའི་གནས་ཚུལ་རྐྱང་རྐྱང་བགྲངས་ནས་ད་ལྟའི་དཀའ་ངལ་སེལ་རྒྱུ་ཡོད་མ་རེད། ང་ཚོས་འདི་བཤད་ཀྱི་ཡོད་མ་རེད། ཡིན་ནའང་ད་ལྟའི་རྒྱ་ནག་མཁྲེགས་པོ་བྱེད་མཁན་དེ་ཚོས་ལོ་རྒྱུས་ཁུངས་འཁྱོལ་ལ་མ་འཁྱོལ་དེ་འདྲ་བགྲངས་ནས་གཅིག་བཤད་ཀྱི་འདུག དེ་ཚོའི་གྲས་འདི་བློ་གཟུ་བོར་གནས་པའི་ཐོག་ནས་དངོས་ཡོད་གནས་ཚུལ་མཐུན་པ་ཞིག་ཞིབ་འཇུག་བྱ་རྒྱུ་དེ་གལ་ཆེན་པོ་རེད་འདུག མ་འོངས་པར་ཆ་བཞག་ན་རྒྱ་བོད་གཉིས་ལོ་རྒྱུས་ཡོད་པའི་མི་རིགས་གཉིས་རེད། ལོ་ངོ་སྟོང་ཕྲག་རིང་འབྲེལ་བ་ཡོད་པ་ཞིག་རེད། སྔར་དུས་སྐབས་འགའ་ཤས་སྐབས་དངོས་གནས་དྲང་གནས་ང་ཚོ་གཉེན་འབྲེལ་མཛའ་གཅུགས་ལྡན་པ་བྱས་ནས་བསྡད་ཡོད་པ་རེད། དེར་བརྟེན་ང་ཚོ་ཚང་མས་མཐུན་མོང་གིས་འབད་བརྩོན་གྱི་ཐོག་ནས་མ་འོངས་པར་ཡིན་ནའང་ཕན་ཚུན་མཛའ་གཅུགས་ལྡན་པ་ཞིག་དང་གཉིས་ཕན་ཡོང་བ་ཞིག་ཁྱེད་རང་ཚོའི་དགོངས་པར་བཅང་རོགས་གནང་ཞུ་རྒྱུ་ཡིན།
མཐའ་དོན་ཁྱེད་རང་ཚང་མ་ལས་བྲེལ་ཡོད་པ་ཤ་སྟག་རེད། ཡིན་ནའང་ཚོགས་འདུ་འདི་གལ་ཆེན་པོ་ཞིག་ལ་བརྩིས་ནས་ཚོགས་འདུར་མཉམ་ཞུགས་གནང་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། སྔ་མོ་ངོས་རང་རྒྱ་ནག་ཏུ་ཡོད་སྐབས་ ༡༩༥༤ ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་པ་རེད། ཚོགས་འདུའི་སྐབས་འདྲ་ཆག་ཆག་བྱས་པ་ཞིག་ལས་གོ་བསྡུར་ལྷུག་པོ་བྱ་རྒྱུ་དེ་འདྲ་བྱུང་མེད། དེ་ནས་ལྔ་བཅུ་ང་དྲུག་ལོར་རྒྱ་གར་དུ་བསླེབས་པ་རེད། རྒྱ་གར་གྲོས་ཚོགས་ནང་ལ་གོ་བསྡུར་ཧ་ཅང་ལྷུག་པོ་ཡོད་པ་དང་། སྐབས་རེ་རྩོད་པ་ཤོར་བ་སོགས་བྱུང་ཡོད། དེ་དུས་ལྡི་ལིར་རྒྱ་ནག་གི་སྲིད་བློན་ཀྲུ་ཨན་ལའི་ Zhou Enlai དང་ཧོ་ལུང་ཕེབས་པ་རེད། སྐབས་དེ་དུས་ཁོང་རྣམ་གཉིས་ལ་ངོས་ཀྱིས་དེ་ལྟར་ཞུས་པ་ཡིན། ང་ཚོ་རྒྱ་ནག་པེ་ཅིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ལྡི་ལིར་རྒྱ་གར་གྲོས་ཚོགས་ཚོགས་སྟངས་འདི་འདྲ་གི་མི་འདུག ང་ཚོ་བསམ་འཆར་བཤད་མཁན་ཞེ་དྲགས་མི་འདུག ལྡི་ལིར་བསམ་འཆར་བཤད་མཁན་དང་ཧ་ཅང་འཁྲུག་པོ་འདུག ཅེས་ཞུ་སྐབས་ཀྲུས་ཁྱེད་རང་རྒྱ་ནག་ནས་ཕྱིན་ཚར་རྗེས་ང་ཚོ་འགྱུར་བ་ཧ་ཅང་ཕྱིན་ཡོད། ཅེས་དེ་འདྲ་ཞིག་གསུངས་པ་རེད། དེར་བརྟེན་ཁྱེད་རང་ཚོ་ཚོགས་འདུ་འཚོགས་སྐབས་ཁ་གསལ་གཏིང་གསལ་བྱས་ནས་གང་ལྟར་ང་ཚོ་མཐུན་མོང་གི་དཀའ་ངལ་སེལ་རྒྱུ་ནི་ང་ཚོ་ཚང་མའི་མཐུན་མོང་གི་ལས་འགན་བྱས་ནས་ཁྱེད་རང་ཚོས་འདིར་ཕེབས་པ་རེད། དཀའ་ངལ་སེལ་ཐབས་ལ་དངོས་ཡོད་གནས་ཚུལ་དང་མཐུན་པའི་དཀའ་ངལ་གང་འདྲ་ཞིག་སེལ་དགོས་ཀྱི་འདུག དེའི་སྐོར་གོ་བསྡུར་ལྷུག་པོ་ཞིག་ཡོང་རྒྱུར་ངོས་ནས་རེ་བ་ཞུ་གི་ཡོད། ཚང་མར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་འཕྲལ་སླར་ཡང་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་ནས་བཀའ་སློབ་སྩལ་དོན།
གྲོགས་པོ་རྣམ་པ་ལྷན་རྒྱས་ལ་ངོས་ནས་ཡང་བསྐྱར་གཅིག་ཞུ་འདོད་བྱུང་། བར་སྐབས་ངོས་ནས་ཉམས་མྱོང་མང་པོ་བསགས་པ་དང་། གནས་ཚུལ་མང་པོ་ཞིག་མཐོང་ཡོང་སྐབས་དཀའ་ངལ་མང་པོ་ཞིག་ང་རང་ཚོ་མིས་བཟོས་པ་ཆགས་ཡོད། ཁོར་ཡུག་སྐོར་ཆ་བཞག་ནའང་། མིའི་བྱ་སྤྱོད་དང་གང་ཙམ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། གང་ལྟར་མིས་བཟོས་པའི་དཀའ་ངལ་དེ་མིས་སེལ་རྒྱུའི་ཐབས་ཤེས་ཡོད་དམ་བརྗོད་ན། ཏན་ཏན་ཡོད་རེད་སེམས་བཞིན་འདུག ཆེ་ས་ནས་བཤད་ན། དཔེར་ན། འཛམ་གླིང་འདིའི་སྟེང་མི་ག་ཚོད་གསོད་རེས་གཏོང་གི་འདུག མིས་མི་བསད་འདུག་ཟེར་རྒྱུ་དེ་ཧ་ལས་པའི་མི་བཟོད་པ་ཞིག་རེད། གཅན་གཟན་གྱིས་མི་བསད་འདུག ཅེས་བརྗོད་པ་ཡིན་ན་ཏོག་ཙམ་ཨ་ཙི་ཟེར་རྒྱུའི་བཟོ་འདྲ་བོ་ཡོད། མིས་མི་གསོད་པའི་གནས་ཚུལ་ཧ་ལམ་འཆར་ཅན་ལྟ་བུའི་སྟེང་འགྲོ་གྲབས་བྱེད་བཞིན་འདུག དེ་ལྟ་བུའི་དུས་ཚོད་སྟེང་སླེབས་ཡོད་སྟབས། འདི་འཛམ་གླིང་འདིའི་སྟེང་མིས་བཟོས་པའི་དཀའ་ངལ་ཆེ་ས་དམག་འཁྲུག་དང་། ཆུང་ས་ནས་སྤྱི་ཚོགས་ནང་དྲང་བདེན་མེད་པ། དབུལ་ཕྱུག་མི་སྙོམ་པ། ལྐོག་ཟ་རུལ་སུངས་སོགས་དེ་དང་དེའི་མཚོན་པའི་རྙོག་གྲ་མང་པོ་ཞིག་མིའི་བསམ་བློ་དང་། རྣམ་དཔྱོད་ཕྲན་བུ་ཡར་རྒྱས་ཕྱིན་པ་ཡིན་ན་དཀའ་ངལ་འདི་ཏན་ཏན་སེལ་ཐུབ་རྒྱུ་ལྟ་བུ་ཞིག་ངོས་རང་ཚན་རིག་པ་དང་། ཤེས་ཡོན་ཅན་མཉམ་དུ་འབྲེལ་བ་བྱས་པར་བརྟེན་འདི་ལྟར་བསམ་བློ་ཧ་ཅང་འཁོར་ཡོང་གི་འདུག གང་ལྟར་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ལྷག་ཙམ་ཡོད་པ་དེ་དག་སྐྱེས་པའི་སྐབས་སུ་མི་གཅིག་གྱུར་བྱས་ནས་སྐྱེས་པ་རེད། གལ་ཆེ་ཤོས་འཚར་ལོངས་བྱས་པའི་སྐབས་སུ་ཕ་མ། དེའི་ནང་ནས་གཙོ་བོ་མའི་གཅེས་སྐྱོང་འོག་འཚར་ལོངས་བྱུང་པ་གཅིག་གྱུར་རེད།
དེར་བརྟེན་མི་དུང་ཕྱུར་བདུན་ཅུ་དེ་དག་ཚང་མར་ལྷན་སྐྱེས་ལ་བྱམས་བརྩེ་ཟེར་རྒྱུ་འདི་ཇི་ཙམ་སེམས་ནང་ཚོར་བ་འདྲ་བོ་གང་འདྲ་ཡོད་པ་ཚང་མས་ཤེས་གསལ་རེད། དེང་སྐབས་འཛམ་གླིང་འདིའི་སྟེང་རྙོག་གྲ་བཟོ་མཁན་དེ་ཚོ་གྲས་ནི་བྱམས་བརྩེའི་འོག་འཚར་ལོངས་བྱས་པ་གཅིག་གྱུར་རེད། གལ་ཆེ་ཤོས་ཚན་རིག་པས་ཞིབ་འཇུག་བྱས་པའི་སྐབས་སུ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པའི་རང་བཞིན་རེད། ཅེས་བཤད་ཀྱི་འདུག དངོས་ཡོད་གནས་ཚུལ་ལ་ཆ་བཞག་ན། ཇི་ཙམ་གྱི་བྱམས་བརྩེའི་བློ་ཡོད་པ་དེའི་ཚོད་ཀྱི་ལུས་པོ་བདེ་བ་དང། སེམས་སྐྱིད་པ་ཡོང་བཞིན་འདུག
འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ལྷག་ཙམ་ཡོད་པ་དེ་དག་གིས་བྱམས་བརྩེ་སྤེལ་རྒྱུ་དང་། བྱམས་བརྩེ་སྤེལ་རྒྱུའི་གཞི་མ་ནི། མི་དུང་ཕྱུར་བདུན་ཅུ་དེ་དག་མི་གཅིག་གྱུར་ཡིན་པའི་འདུ་ཤེས་འདི་ཧ་ཅང་གལ་ཆེན་པོ་རེད་འདུག སྐྱེས་པའི་སྐབས་སུ་ནས་ང་ཚོར་མི་གཅིག་གྱུར་གྱི་འདུ་ཤེས་ཡོད། དཔེར་ན། སྨན་ཁང་ཁག་གི་ནང་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ནད་པར་ལྟ་གི་ཡོད། ནད་པ་ཞིག་སྨན་ཁང་དུ་སླེབས་པ་དང་ཁྱེད་རང་ལུང་པ་དང་ཆོས་ལུགས་སོགས་གང་ཡིན། ཞེས་འདྲི་རྒྱུ་མ་རེད། དེར་བརྟེན་འཛམ་གླིང་འདིའི་སྟེང་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་མིར་ཕན་ཐོགས་བྱེད་རྒྱུ་མང་པོ་ཞིག་ཡོང་བཞིན་ཡོད། དཔེར་ན། རྒྱལ་སྤྱིའི་ཚོགས་པ་མང་པོ་ཞིག་གིས་མི་གཅིག་གྱུར་གྱི་འདུ་ཤེས་འོག་ནས་མིར་རོགས་པ་བྱེད་ཀྱི་ཡོད། དེར་བརྟེན་འདི་ང་ཚོས་འབད་བརྩོན་བྱེད་ནས་མི་གཅིག་གྱུར་གྱི་འདུ་ཤེས་འདི་སློབ་སྦྱོང་ནང་སྤྱད་ནས་བྱིས་པ་ཆུང་ཆུང་གི་སློབ་རིམ་ནས་བཟུང་གང་ལྟར་ཆེས་མཐོའི་སློབ་སྦྱོང་བར་བྱམས་བརྩེའི་ཡ་རབས་ཀྱི་བསམ་པ་འདི་ཆོས་ཕྱོགས་ཀྱི་སྐད་ཆ་དང་། སྐྱེ་བ་ཕྱི་མའི་སྐད་ཆ་བཤད་ཀྱི་མེད། གང་ལྟར་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་དགོས་ན། མི་སྒེར་པ་སོ་སོ་ཡིན་ནའང་ལུས་བདེ་བ་དང་། སེམས་སྐྱིད་པ། ཁྱིམ་ཚང་ཡིན་ནའང་འཆམ་པ་དང་། མཛའ་བརྩེ་ལྡན་པ། དེ་ནས་ཡར་ཆེ་ས་ནས་བཤད་ན་འཛམ་གླིང་མི་དུང་ཕྱུར་བདུན་ཅུ་ལྷག་ཙམ་ཡོད་པ་དེ་དག་ཚང་མ་འཆམ་མཐུན་བྱམས་བརྩེ་ལྡན་པ། སྙིང་རྗེ་ལྡན་པ་དེ་འདྲ་ཞིག་ཡོང་རྒྱུར་ཕལ་ཆེར་ང་ཚོས་འབད་བརྩོན་བྱས་ན་ཡོང་ཐུབ་ཀྱི་རེད་བསམས་པའི་ཡིད་ཆེས་སྐྱེ་གི་འདུག
དེར་བརྟེན་ང་ཚོའི་སློབ་སྦྱོང་ནང་དུ་ཆོས་དང་དམིགས་བསལ་མ་འབྲེལ་བའི་བྱམས་བརྩེ་ཟེར་རྒྱུ་འདི་ཚན་རིག་དང་མཐུན་པའི་ཐོག་ནས་བྱམས་བརྩེའི་སློབ་གསོ་སྤྲོད་རྒྱུ་ཏན་ཏན་ཡོང་གི་རེད་སེམས་བཞིན་འདུག འདིའི་སྐོར་ལ་ལོ་གང་ཙམ་ནས་ཚན་རིག་པ་དང་ཤེས་ཡོན་ཅན་མཉམ་གོ་བསྡུར་བྱས་ནས་ལས་ཀ་བྱས་དང་བྱེད་བཞིན་པ་རེད། དེ་རིང་འདིར་ཁྱེད་རང་ཚོར་ཞུ་རྒྱུར། དེ་རིང་འདིར་རྒྱ་རིགས་གྲོགས་པོ་མང་པོ་ཞིག་ཕེབས་བཞུགས་ཡོད་པ་རེད། རྒྱ་མི་རིགས་ལ་ཆ་བཞག་ན། ལོ་རྒྱུས་ཀྱི་ཐོག་ནས་སངས་རྒྱས་པའི་ཆོས་དང་ཧ་ཅང་འབྲེལ་བ་ཡོད། དཔེར་ན། དེ་རིང་ཁ་སང་ཆ་བཞག་ན། འཛམ་གླིང་ཡུལ་གྲུ་གང་སར་རྒྱ་རིགས་གྲོགས་པོ་མང་པོ་ཡོད། དེ་ཚོ་མང་ཆེ་བ་ནང་པའི་ཆོས་ལ་དོ་སྣང་ཡོད་པ་ཆགས་ཀྱི་འདུག དེར་བརྟེན་ང་ཚོ་ནང་པ་བྱེད་དགོས་ཟེར་གྱི་མེད། ནང་པའི་ཆོས་ཀྱི་ནང་ནས་སེམས་ཁམས་རིག་པའི་སྐོར་དང་། བྱམས་བརྩེ་གོང་སྤེལ་ཇི་ལྟར་གཏོང་དགོས་མིན། ཁོང་ཁྲོ་དང་ང་རྒྱལ་སོགས་ལ་གཉེན་པོ་གང་འདྲ་བསྟེན་དགོས་མིན། དེ་ཚོའི་གྲས་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ཆེད་དུ་སྐད་ཆ་བཤད་པ་མིན་པར། འཛམ་གླིང་འདི་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་གང་འདྲས་བཟོ་དགོས་འདུག་དེའི་ཐོག་བསམ་བློ་གཏོང་རྒྱུར་དམིགས་ཡུལ་བཟུང་ནས་འབད་བརྩོན་བྱེད་རྒྱུའི་ནང་དུ་རྒྱ་རིགས་གྲོགས་པོ་ཚོས་དམིགས་བསལ་ཞབས་འདེགས་བསྒྲུབ་ཐུབ་ཀྱི་རེད་བསམས་པའི་ངོས་ལ་ཡིད་ཆེས་ཡོད།
དེ་བཞིན་རྒྱ་གར་འཕགས་པའི་ཡུལ་ལ་ཆ་བཞག་ན། སངས་རྒྱས་པའི་ལྟ་གྲུབ་དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་འབྲེལ་བ་ཡོད་པའི་ཤེས་ཡོན་དང་ལྟ་གྲུབ་དེ་ཚོའི་གྲས་རྒྱ་གར་རང་གི་ཕ་མའི་གཅེས་ནོར་ཆགས་ཡོད། ངོས་ཀྱིས་རྒྱ་གར་ཚོར་རྟག་པར་འདི་ལྟར་བརྗོད་བཞིན་ཡོད། དེང་སྐབས་རྒྱ་གར་ནང་དུ་ནང་ཆོས་ཐོག་དོ་སྣང་ཆེ་རུ་འགྲོ་བཞིན་འདུག ང་ཚོ་རྒྱ་རིགས་གྲོགས་པོ་ཚོས་འདིའི་ཐོག་དགོངས་པ་བཞེས་ནས་སྔོན་ལ་ཐེ་ཝེན་ལ་ཆ་བཞག་ན་རང་དབང་ལུང་པ་ཆགས་ཡོད། དེ་འདྲའི་ཐོག་གང་འདྲ་བྱེད་ཐུབ་རྒྱུ་འདུག ང་ཚོ་མུ་མཐུད་འབྲེལ་བ་བྱེད་རྒྱུ་དང་། ང་ཚོ་འདི་གར་སློབ་དེབ་བཟོ་འདྲ་བོ་དེ་འདྲ་ཕྲན་བུ་བཟོ་བཞིན་ཡོད། དེ་ཚོའི་ཐོག་ནས་ང་ཚོ་འབྲེལ་བ་ཡོང་གི་རེད། འཛམ་གླིང་ཡུལ་གྲུ་གང་སར་རྒྱ་རིགས་གྲོགས་པོ་མང་པོ་ཡོད། རྒྱ་རིགས་ཚོས་ལྷ་ཁང་བཞེངས་པ་དེ་ཚོ་གྲས་ཡག་པོ་རེད། འོན་ཀྱང་གཙོ་བོ་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཡོང་རྒྱུའི་ཐོག་ང་ཚོས་ཞབས་འདེགས་གང་འདྲ་བསྒྲུབ་ཐུབ་རྒྱུ་འདུག འདི་དགོངས་པ་བཞེས་རྒྱུ་གཅིག་དང་། དེ་ནས་རིམ་པས་རྒྱ་ནག་རྒྱལ་ཁབ་ལ་ཆ་བཞག་ན། གང་ལྟར་འཛམ་གླིང་འདིའི་སྟེང་གི་མི་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། རྒྱ་ནག་རང་གི་ལྐོག་ཟ་རུལ་སུངས་མཚོན་པའི་ཉམ་ཐག་ཚོར་དཀའ་ངལ་འཕྲད་པ་སོགས་ད་ལྟའི་དཀའ་ངལ་མང་པོ་ཞིག་གཙོ་བོར་བྱམས་བརྩེའི་མ་འདང་བར་བརྟེན་ནས་ཆགས་ཀྱི་ཡོད། དཔེར་ན། སྤྱི་ཚོགས་རིང་ལུགས་ལ་ཆ་བཞག་ན། དངོས་གནས་བྱས་ན་བྱམས་བརྩེ་ལྡན་པ་ཞིག་ཡོད་ན། སྤྱི་ཚོགས་རིང་ལུགས་མིང་དོན་མཚུངས་པ་ཞིག་ཡོང་གི་རེད།
བྱམས་བརྩེ་མེད་ན་སོ་སོ་སྒེར་གྱི་རང་གཅེས་འཛིན་ཁོ་ནའི་སྟེང་ཕྱིན་པ་ཡིན་ན། སྤྱི་ཚོགས་རིང་ལུགས་ཟེར་ནའང་དེ་ཙམ་ཕན་ཐོགས་ཀྱི་མེད་པར་བརྟེན། དམིགས་བསལ་ཆོས་སྤེལ་རྒྱུའི་སྐད་ཆ་མ་རེད། ཨིན་ཇིའི་སྐད་ལ་སེ་ཁུ་ལར་ Secular ཟེར་རྒྱུ་འདི་དམིགས་བསལ་ཆོས་དང་མ་འབྲེལ་བ། སེ་ཁུ་ལར་ Secular ཟེར་རྒྱུའི་ཚིག་འདིའི་དོན་དག་ནི། རྒྱ་གར་གྱི་རྩ་ཁྲིམས་ལ་ཆ་བཞག་ན་སེ་ཁུ་ལར་ Secular ཐོག་ནས་ཡོང་བཞིན་ཡོད། རྒྱ་གར་གྱི་སེ་ཁུ་ལར་ Secular གོ་དོན་ནི། ཆོས་ལུགས་ཚང་མར་གུས་ཞབས་བྱེད་རྒྱུ་དང་། དེའི་ནང་ནས་ཆོས་དད་མེད་མཁན་ཚོར་ཡིན་ནའང་གུས་ཞབས་བྱེད་རྒྱུ་དེ་ལྟར་གསུང་གི་འདུག ནུབ་ཕྱོགས་རྒྱལ་ཁབ་ནང་ལ་སེ་ཁུ་ལར་ Secular ཟེར་ན་ཆོས་ལ་ཕྲན་བུ་མ་གུས་པ་དང་། མཐོང་མེད་པའི་བཟོ་འདྲ་བོར་གོ་རྒྱུ་ཡོང་གི་འདུག ངོས་ནས་སེ་ཁུ་ལར་ Secular ཟེར་རྒྱུ་འདི་རྒྱ་གར་གྱི་གོ་ལུགས་ལྟར། ཆོས་ལུགས་ཚང་མར་གུས་ཞབས་དང་། ཆོས་དད་མེད་མཁན་ཚོ་ལའང་གུས་ཞབས་བྱེད་ནས་མི་གཅིག་གྱུར་གྱི་འདུ་ཤེས་འདིའི་ནང་སླེབས་པའི་བཟོ་འདྲ་བོ་ཞིག་འདུག ངོས་རང་ལོ་ ༨༡ སྟེང་འགྲོ་བཞིན་ཡོད།
ད་བར་མི་ཚེའི་ཉམས་མྱོང་ལྟ་བུ་མང་པོ་ཞིག་གསོག་ཡོང་དུས་འཛམ་གླིང་འདི་ད་ལྟ་དུས་རབས་ཉི་ཤུ་རྩ་གཅིག་འགོ་མ་རེད། དུས་རབས་ཉི་ཤུ་རྩ་གཅིག་ནང་རིམ་པས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་དང་། ཞི་བདེའི་དུས་རབས་ཤིག་བཟོ་དགོས་བྱུང་ན། ང་ཚོས་ཤེས་ཡོན་ཐོག་ཤུགས་རྒྱབ་ནས་མ་འོངས་པའི་མི་རབས་དེ་དག་ཤེས་ཡོན་སྙིང་རྗེ་ལྷག་བསམ་དང་། རྣམ་དཔྱོད་ཟུང་དུ་འབྲེལ་བའི་ཐོག་ནས་བྱམས་བརྩེའི་རྣམ་དཔྱོད་ལྡན་པའི་མི་སྒེར་པ་ཞིག་བཟོས་ནས་དེ་ཡར་སྤེལ་ཏེ་སྤྱི་ཚོགས་དང་། རྒྱལ་ཁབ། དེ་ནས་རྒྱལ་སྤྱི་དེ་ལྟར་ཡོང་ཐབས་ང་ཚོ་དམིགས་ཡུལ་བཞག་ནས་འབད་བརྩོན་བྱེད་ཐུབ་ན་ཡག་པོ་མེད་དམ་བསམས་ནས་ངོས་ལ་ཆ་བཞག་ན། དེ་འདྲའི་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ངོས་ཀྱི་མི་ཚེའི་ནང་མཐོང་གི་མ་རེད། འོན་ཀྱང་ང་ཚོའི་མི་ཚེ་དུས་རབས་ཉི་ཤུ་པའི་ནང་མི་གསོད་ཁྲག་སྦྱོར་ཧ་ཅང་བྱུང་ཡོད་སྟབས། དུས་ད་ལྟ་ཡིན་ནའང་རྒྱུན་མ་ཆད་པ་ཡོང་གི་ཡོད། འདི་ང་ཚོ་དངོས་སུ་མཐོང་། ཉམས་སུ་མྱོང་མཁན་ཞིག་གིས་སོ་སོའི་ཉམས་མྱོང་ཐོག་ནས་ད་ལྟའི་བྱེད་སྟངས་འདིའི་འཛམ་གླིང་དུས་རབས་ཉི་ཤུ་རྩ་གཅིག་འདི་སྐྱིད་པ་ཞིག་ཡོང་ས་མ་རེད་ཅེས་བསམ་བློ་འཁོར་གྱི་འདུག
ད་ལྟའི་བྱེད་སྟངས་འདིས་འཛམ་གླིང་སྐྱིད་པ་ཞིག་ཡོང་རྒྱུ་མེད་པ་ཡིན་ན། དེ་མིན་ང་ཚོས་ཐབས་ཤེས་གང་བྱེད་དགོས་འདུག་ཟེར་ན། མི་དང་འཛམ་གླིང་བརྗེ་པོ་བརྒྱབ་རྒྱུ་ནི་མེད། མིའི་བསམ་བློ་གཏོང་སྟངས་འགྱུར་བ་གཏོང་རྒྱུ་དང་། དེ་ཡང་ཆོས་ཕྱོགས་ཐོག་ནས་སྨོན་ལམ་དང་བསླབ་བྱ་བརྒྱབ་པ་གཅིག་པུ་མིན་པར། ཤེས་ཡོན་གྱི་ཐོག་ནས་མིར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་དགོས་ན། རྒྱལ་ཁབ་སོ་སོ་ཡིན་ནའང་རྒྱལ་ཁབ་སོ་སོར་བདེ་སྐྱིད་ལྡན་པ་ཡོང་རྒྱུ་འདི་སྤྱིར་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་དང་། ཞི་བདེ། སྙིང་རྗེ་ལྡན་པ་ཞིག་བྱུང་བ་ཡིན་ན། མི་སྒེར་སོ་སོ་དང་རྒྱལ་ཁབ་ལ་ཁེ་ཕན་ཡོང་ངེས་པ་རེད། རིམ་བཞིན་འཛམ་གླིང་འདི་གོ་མཚོན་དང་དམག་འཁྲུག་མེད་པའི་འཛམ་གླིང་ཞིག་ཏན་ཏན་ཡོང་ཐུབ་ཀྱི་རེད་བསམས་པ་དྲན་གྱི་འདུག དེ་རིང་ཁྱེད་རང་ཚོ་འདིར་འཛོམས་ཡོད་སྟབས་ངོས་ཀྱིས་ཇུས་གཏོགས་མེད་པའི་ཇུས་གཏོགས་བཟོ་འདྲ་བོ་ཞིག་ཆགས་སོང་སྟེ། འོན་ཀྱང་ངོས་ཀྱིས་ཁྱེད་རང་ཚོར་ཞུ་འདོད་བྱུང་། འདི་ཁྱེད་རང་ཚོས་དགོངས་པར་བཅང་གནང་རོགས་གནང་། ཇི་ཙམ་སོ་སོའི་ཕྱོགས་དང་མཚམས་སུ་འཁོད་ནས་ཇི་ཙམ་བྱེད་ཐུབ་རྒྱུ་འདུག དེ་ཚོའི་ཐོག་ཉམས་ཞིབ་བྱས་ནས་དགོངས་འཆར་འདྲ་ཡོད་པ་ཡིན་ན། ངོས་ལ་ཚུར་འབྲེལ་བ་གནང་རྒྱུ་ཡོང་གི་རེད། དེ་ལྟར་གནང་རོགས་གནང་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ། །