༢༠༡༦ ཟླ་ ༣ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །འདི་གར་ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༥ ཉིན་བཏང་གནས་ནང་འཁོད་དོན། ༸སྐྱབས་རྗེ་རྫོང་སར་མཁན་རབས་ ༡༠ པ་མཁན་ཆེན་པདྨ་དམ་ཆོས་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༦ ཉིན་གདན་ས་སྡེ་དགེ་རྫོང་སར་བཀྲ་ཤིས་ལྷ་རྩེར་སྐུ་གཤེགས་པའི་གནས་ཚུལ་ཐོན་ཡོད་པ་རེད། དམ་པ་ཁོང་ཐུགས་དམ་ཞག་བདུན་བཞུགས་རིང་གསང་རྒྱ་མཛད་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༤ ཉིན་ཐུགས་དམ་གྲོལ་བའི་སྐབས་སུ། སྐུ་གདུང་རིན་པོ་ཆེ་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཙུག་ལག་ཁང་སྐལ་བཟང་ཆོས་ཀྱི་དགའ་ཚལ་དུ་གདན་དྲངས་ཏེ། དངོས་བརྒྱུད་སློབ་མ་རྣམས་དང་། དད་ལྡན་ཡོངས་ལ་མཇལ་ཁ་བསྩལ་རྒྱུ་རེད་འདུག།རྫོང་སར་མ་དགོན་དང་། རྫོང་སར་ཁམས་བྱེའི་བཤད་གྲྭ རྫོང་སར་ག་གུ་སྒྲུབས་གྲྭ་ཆེན་མོ་བཅས་ནས་དཔལ་ཀྱཻ་རྡོ་རྗེ་དང་། མཁའ་སྤྱོད། རིགས་གསུམ་སྤྱི་སྒྲུབས་བཅས་རྒྱུད་སྡེ་མང་པོས་དཀྱིལ་འཁོར་དང་འབྲེལ་གདུང་མཆོད་ཉིན་ ༡༦ རིང་ཕུལ་རྒྱུའི་ཐུགས་གཏན་འཁེལ་འདུག།དེ་བཞིན་བྱེས་ཀྱི་གདན་ས་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་དང་། འབྲུག་རྫོང་སར་བཤད་གྲྭ དཔལ་ལྡན་ས་སྐྱ་པའི་གདན་ས་གྲྭ་ཚང་ཡོངས་དང་། ཆོས་བརྒྱུད་རིས་མེད་ཀྱི་གདན་ས་གྲྭ་ཚང་མང་པོས་གདུང་མཆོད་ཕུལ་བཞིན་པའི་གནས་ཚུལ་ཐོན་བཞིན་འདུག
༸སྐྱབས་རྗེ་རྫོང་སར་མཁན་རབས་བཅུ་པ་མཁན་ཆེན་བྲག་གཡབ་པདྨ་དམ་ཆོས་མཆོག་ནི། ཕྱི་ལོ་ ༡༩༣༣ ལོར་བྲག་གཡབ་ཏུ་སྐུ་འཁྲུངས། དགུངས་གྲངས་ ༡༢ ནས་དབྱངས་གསལ་འབྲི་ཀློག་དང་། སུམ་སྙན་དག་གསུམ་ལ་སློབ་གཉེར་གནང་། ཕྱི་ལོ་ ༡༩༤༥ ལོར་རྫོང་སར་ཁམས་བྱེའི་བཤད་གྲྭ་ཆེན་མོར་སློབ་བཞུགས་གནང་སྟེ། རྫོང་སར་མཁན་ཆེན་མདོ་སྲིབ་ཐུབ་བསྟན་རྒྱལ་མཚན། མི་ཉག་དམ་ཆོས། བྲག་གཡབ་བློ་གྲོས་ཀྱི་གཙོས་མཁན་རབས་གསུམ་གྱི་ཞལ་སྔ་ནས་མདོ་སྔགས་རིག་གཞུང་དང་བཅས་པར་གསན་སྦྱངས་མཐར་ཕྱིན་པའི་རྗེས་སུ། ལུང་རིགས་སྨྲ་བའི་དབང་པོ་མཚན་གསོལ་དང་འབྲེལ་རྫོང་སར་བཤད་གྲྭའི་སྐྱོར་དཔོན་དང་ཟུར་འཆད་མཁན་པོ་ལོ་ ༥ གནང་། དེ་རྗེས་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཞལ་སྔ་ནས། གསང་ཆེན་ལམ་འབྲས་ཚོགས་སློབ་དང་། སྒྲུབས་ཐབས་བཅས་དབང་ལུང་མན་ངག་མང་པོ་གསན་སྦྱངས་མཛད། ཕྱི་ལོ་ ༡༩༥༧ ལོར་སྡེ་དགེ་རྒྱལ་ས་དགོན་ཆེན་འཛེ་ཕུད་བཤད་གྲྭའི་མཁན་པོར་མངའ་གསོལ་མཛད་པ་ལྟར། གཞུང་ལུགས་དུ་མའི་འཆད་འཁྲིད་གནང་བཞིན་པའི་མུར། དུས་འགྱུར་གྱིས་བྲག་གཡབ་རྩིབས་བཀྲམས་རི་ཁྲོད་དང་། ཡང་དགོན་རི་ཁྲོད་གཉིས་སུ་དཔལ་ཀྱཻ་རྡོ་རྗེའི་གཙོས་ཡིད་དམ་རྒྱུད་སྡེ་མང་པོའི་སྒོམས་སྒྲུབས་མཛད།
ཕྱི་ལོ་ ༡༩༨༡ ལོར་དུས་བདེ་བྱུང་སྐབས་ཡང་དགོན་རི་ཁྲོད་དང། གོ་འཇོ་ཀླུ་ཕུག་དགོན། ནང་ཆེན་གཙང་མདའ་དགོན་བཅས་སུ་གཞུང་ཆེན་འཆད་ཁྲིད་མཛད་བཞིན་པའི་སྐབས་སུ། ༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་སྐུ་འཕྲེང་གསུམ་པ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་མཆོག་གི་བཀའ་དགོངས་ལྟར། ཕྱི་ལོ་ ༡༩༨༨ ལོར་རྫོང་སར་མངའ་རིས་བླ་བྲང་གི་ནང་དུ་བཤད་གྲྭ་བསྐྱར་གསོ་དབུ་འཛུགས་མཛད། རྫོང་སར་ཁམས་བྱེའི་བཤད་གྲྭ་བསྐྱར་བཞེངས་ལེགས་གྲུབ་དང་བསྟུན། ལོ་གྲངས་དུ་མའི་རིང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་སློབ་ཚོགས་སྟོང་ཕྲག་མང་པོར། མདོ་སྔགས་རིག་གསུམ་གྱི་གཞུང་ཆེན་ ༡༠༠ ལྷག་ཙམ་འཆད་ཁྲིད་ཟབ་ནན་མཛད་པ་ལྟར། སློབ་ཚོགས་རྣམས་ལས་རྒྱལ་བསྟན་ཡོངས་རྫོགས་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་ངེས་ཀྱི་མཁས་པ་ཆེན་པོ་ ༨ དང་། ཆོས་བརྒྱུད་རིས་མེད་སྐྱོང་བའི་མཁས་པ་ཆེན་པོ་ ༢༥ མཁན་སྤྲུལ་ ༧ གཞུང་ཆེན་རང་རྐྱ་ཐུབ་པའི་མཁན་པོ་ ༥༠ བཅས་འཁྱོན་མཁན་པོ་ ༡༠༠ ལྷག་ཙམ་ཕེབས་ཐུབ་པ་བྱུང་ཡོད་པ་རེད། དེ་རྗེས་བྲག་གཡབ་གཙང་གསར་དགོན་དུ་གཞུང་ཆེན་མང་པོ་འཆད་ཁྲིད་མཛད་པ་དང་། བོད་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཆེ་ཕྲ་དུ་མའི་ནང་ཞབས་ཀྱི་བཅག་སྟེ། གསང་ཆེན་ལམ་འབྲས་ཚོགས་སློབ་ཚར་བདུན། སྒྲུབ་ཐབས་ཀུན་འདུས་ཚར་གསུམ། སྒྲུབ་ཐབས་རྒྱ་མཚོ་ཚར་ལྔ། བ་རི་སྒྲུབ་ཐབས་བརྒྱ་རྩ་ཚར་དྲུག འཁོར་འདས་དབྱེར་མེད། རྫོགས་ཆེན། ཕྱག་ཆེན་བཅས་དབང་ལུང་མན་ངག་བསམ་གྱི་མི་ཁྱབ་པ་བསྩལ་གནང་མཛད་ཡོད་པ་རེད། གཞན་ཡང་བཤད་སྒྲུབ་ཀྱི་སྡེ་དང་། སྐུ་གསུང་ཐུགས་རྟེན་མང་པོ་བསྐྱར་གསོ་དང་། གསར་བཞེངས་མཛད་དེ། རྒྱལ་བསྟན་སྤྱི་དང་ཡོང་སྒོས་དཔལ་བརྩེ་པ་ཆེན་པོའི་བསྟན་པ་ལ་རྒྱལ་བ་ངོར་ཆེན་ཀུན་དགའ་བཟང་པོ། སྔགས་འཆང་ཆེན་པོ། མཁྱེན་བརྩེ་དབང་པོ་དང་ན་མཉམཔའི་སྐུ་དྲིན་སྐྱོང་ཡོད་པ་རེད། དགུངས་གྲངས་ ༧༤ ནས་བཟུང་དམ་པ་དེ་ཉིད་ཀྱི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམས་དཀྱིལ་སྒོམས་སྒྲུབ་ཏིང་ངེས་འཛིན་ལ་བཞུགས་བཞིན་པའི་མུར། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༦ ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་གཟུགས་སྐུ་ཆོས་དབྱིངས་སུ་ཐིམས་པའི་ཚུལ་བསྟན་ཡོ།།