༢༠༡༦ ཟླ་ ༣ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༦ ཉིན་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཇུ་ཌི་སན་དྲན་རྟེན་གྱི་ཡི་ཤུའི་ལྷ་ཁང་དུ་ Judson Memorial Church ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་དང་ཁལ་མུག་གཞོན་ནུ་ཚོགས་པ་ Kalmyk Youth Conference ཐུན་མོང་གིས་གོ་སྒྲིག་འོག ཨ་རིའི་ནང་གནས་སྡོད་བོད་རིགས་དང་། སོག་པོ། ཤར་པ། ཧི་མཱ་ལ་ཡི་རི་རྒྱུད་ཀྱི་ནང་པའི་མི་རིགས་བཅས་ཀྱི་དབར་མཐུན་སྒྲིལ་དང་གྲོགས་འདྲིས་བཅས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་རྒྱུར་ཕན་ཚུན་རིག་གཞུང་བརྗེ་ལེན་གྱི་དུས་སྟོན་ཞིག་སྲུང་བརྩི་ཞུས་འདུག
དེ་ཡང་གོང་ཚེས་ཉིན་དུས་སྟོན་དེའི་ཐོག་ཤར་པ་ཁོངས་ཀྱི་སློབ་ཕྲུག་དང་ཆེད་ལས་མི་སྣ། ས་གནས་བོད་རིགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཁལ་མུག་སྤུན་ཟླ་ཚོགས་པ། ནིཌ་སན་ཊེམ་པལ་ Nitsan Temple དང་བཀྲ་ཤིས་ལྷུན་པོའི་དགོན་པ། སོག་པོའི་བསྟི་གནས་ཁང་ Mongol Heritage Foundation ཐེབས་རྩ་ཁང་དང་ཨུ་ལན་ཛུ་ལ་ཏཱ་སྒྲ་འཇུག་ཁང་ Ulan Zulata བཅས་ནས་ཁྱོན་མི་གྲངས་ཉིས་བརྒྱ་ཙམ་མཉམ་ཞུགས་གནང་འདུག
དུས་སྟོན་ཐོག་ཆོལ་གསུམ་ཟློས་གར། ཨི་ལི་ནཱ་ཆུར་ཡུ་མོཔ། Elena Churyumov ཡུཌ་མི་ལ། Lyudmila དེ་བཞིན་སངས་རྒྱས་སྐྱབས་དང་བསོད་ནམས་མཚོ་མོ་ལགས་བཅས་ཀྱིས་ཁུངས་སོ་སོའི་རིག་གཞུང་འཁྲབ་སྟོན་གནང་ཡོད་པ་མ་ཟད། དགོང་དྲོར་དེང་དུས་བོད་དང་ཁལ་མུག་གཉིས་ཀྱི་རི་མོ་འགྲེམས་སྟོན་དང་ཨིན་སྐད་ཐོག་སྙན་ངག་ཀྱང་གྱེར་འདོན་གནང་འདུག
ཐེངས་འདིའི་དུས་སྟོན་ཐོག་ཨ་རིའི་སྐུ་ཚབ་དོན་གཅོད་སྐྱེ་རྡོར་ཨུ་དཀར་ཚང་ལགས་འོས་བསྡུའི་ལས་རིམ་དང་འབྲེལ་ནས་བཅར་མ་ཐུབ་པར་བརྟེན། ཁོང་གི་ཚབ་ཏུ་དོན་ཁང་གི་ལས་བྱེད་བསྟན་འཛིན་དབྱིག་གཉེན་ལགས་ཀྱིས་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་། བོད་རིགས་དང་སོག་པོ། དེ་བཞིན་ནང་ཆོས་ཀྱི་རིག་གཞུང་གཅིག་གྱུར་ཡིན་པའི་ཧི་མཱ་ལ་ཡིའི་མི་རིགས་ཕན་ཚུན་དབར་ལོ་རྒྱུས་ཐོག་མཐུན་སྒྲིལ་དང་འབྲེལ་བ་དམ་ཟབ་ཡོད་པ་གོང་མཐོར་གཏོང་རྒྱུ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རིང་ནས་ཐུགས་ལ་བརྣག་པའི་དགོངས་བཞེད་ཅིག་ཡིན་པར་བརྟེན་ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་ནས་མུ་མཐུད་སྤྱི་ཚོགས་ཕན་ཚུན་དབར་འབྲེལ་ལམ་ཚགས་ཚུད་དང་སྲ་བརྟན་གཏོང་རྒྱུ་དང་། དེ་བཞིན་སྤྱི་ཚོགས་ཕན་ཚུན་མཉམ་འཛོམས་ཀྱིས་ཁུངས་སོ་སོའི་རིག་གཞུང་དང་ཆོས་ལུགས་སོགས་ཀྱི་སྐོར་ཕན་ཚུན་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་བསྐྲུན་རྒྱུ་ཡིན། ཞེས་དང་། མཇུག་ཏུ་བསྟན་འཛིན་དབྱིག་གཉེན་ལགས་ཀྱིས་ཁལ་མུག་གཞོན་ནུ་ཚོགས་པས་ཐེངས་འདིར་མི་རིགས་ཕན་ཚུན་དབར་འཆམ་མཐུན་དང་ཆིག་སྒྲིལ་ཡོང་ཆེད་གོ་སྐབས་དེ་འདྲ་ཞིག་བསྐྲུན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སླད་ཕྱིན་མི་རིགས་ཕན་ཚུན་དབར་གྲོགས་འདྲིས་ཀྱི་འབྲེལ་ལམ་དམ་ཟབ་དང་གོང་མཐོར་གཏོང་རྒྱུར་རེ་བ་བྱེད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་ལས་རིམ་མཇུག་སྒྲིལ་ཡོད་འདུག་པ་བཅས། །