༢༠༡༦ ཟླ་ ༣ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༧ སྐབས་ཨ་རིའི་ཝར་མོནྜ་ Vermont མངའ་སྡེའི་གྲོས་ཚོགས་འོག་མའི་ནང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་བཞག་སྟེ། བོད་ཀྱི་གནད་དོན་གསལ་ཆེད་རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་འོག་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་མཐུད་གང་མགྱོགས་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
གྲོས་འཆར་འདོན་མཁན་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཡེ་ད་ཊ་ཨོན་སེན་ Rep. Maida Townsend མཆོག་ཡིན་འདུག་པ་དང་། ཁོང་ལ་གྲོས་ཚོགས་འཐུས་མི་ ༣༩ རྒྱབ་སྐྱོར་གནང་འདུག
དེ་ཡང་གྲོས་ཆོད་ནང་འཁོད་དོན། ཁྲིམས་བཟོ་ལྷན་ཁང་འདིས། ཨ་རིའི་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། དེ་བཞིན་བོད་མི་ཨ་རིའི་མི་སེར་ཡིན་པ་རྣམས་འགྲོ་སྐྱོད་ཀྱི་རང་དབང་ཐད་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་གནང་བཞིན་པ་དེར་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནས་ཕྱི་ལོ་ ༢༠༡༠ ལོ་ནས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་མཚམས་འཇོག་བྱས་པ་དེ་བསྐྱར་མཐུད་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་འོག་བོད་མི་ཚོ་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་སྤྲོད་ཐབས་གནང་དགོས་པ་དང་། ཕྱོགས་མཚུངས་བོད་མི་དང་རྒྱ་རིགས་མིན་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཨ་རིའི་གཞུང་གིས་དམིགས་བསལ་ཆེ་མཐོང་སྤྲོད་རྒྱུ་དེ་གལ་ཆེ་ཤོས་སུ་བརྩིས་པའི་ཆ་རྐྱེན་དེའི་འོག་ནས་རྒྱ་ནག་གཞུང་དང་འབྲེལ་བ་བྱ་རྒྱུའི་ལངས་ཕྱོགས་དེར་རྒྱབ་སྐྱོར་ཞུ་རྒྱུ་དང་། བོད་མཐོ་སྒང་གི་ས་ཁུལ་དུ་ཡུན་གནས་ཐུབ་པའི་ཡར་རྒྱས་ལས་གཞི་སྤེལ་དགོས་པ་མ་ཟད། བོད་མིའི་ཐུན་མིན་རིག་གཞུང་རྒྱུན་འཛིན་ཐོག་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་ཞུས་པ་དང་ཆབས་ཅིག བོད་མཐོ་སྒང་གི་ཁོར་ཡུག་ཧ་ཅང་གནད་འགག་ཆེན་པོར་ངོས་འཛིན་པའི་ཐོག་ནས་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་སྤྲད་རྒྱུའི་ཐད་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་འཁོད་འདུག
གཞན་ཡང་གྲོས་ཆོད་དེའི་ནང་བོད་ལ་ཡུན་རིང་ནས་གཟི་བརྗིད་ལྡན་པའི་ཆོས་དང་རིག་གནས། རྒྱལ་རབས་ལོ་རྒྱུས་སོགས་ཡོད་པ་དེར་ངོས་འཛིན་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་བཙན་འཛུལ་བྱས་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་རྗེས་བོད་མིའི་རང་དབང་དང་ལོ་རྒྱུས་ཀྱི་ཁྱད་ནོར་དེ་དག་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཚབས་འཕྲད་བཞིན་ཡོད་པ་ངོས་ལེན་ཞུ་བཞིན་ཡོད། ཅེས་འཁོད་འདུག གྲོས་ཆོད་དེའི་འདྲ་བཤུས་ཡིག་ཆ་གཅིག་ཨ་རིའི་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། International Campaign for Tibet ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་ President Obama མཆོག ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་། དེ་བཞིན་ཝར་མོནྜ་གྲོས་ཚོགས་འཐུས་མི་རྣམས་ལ་འགྲེམས་སྤེལ་གནང་ཡོད་པ་བཅས།།
ཝར་མོནྜ་མངའ་སྡེའི་གྲོས་ཚོགས་ཡིག་ཆ་གཤམ་འཁོད་དྲ་ལམ་བརྒྱུད་ནས་གཟིགས་ཐུབ།
http://legislature.vermont.gov/assets/Documents/2016/Docs/JOURNAL/hj160310.pdf#page=2