༢༠༡༦ ཟླ་ ༣ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེ་ཌི་སོན་མེ་སོ་ནིག་ཚོགས་ཁང་ཆེན་མོའི་ནང་ Madison Masonic Center དུ་ཝི་སི་ཀོན་སིན་ས་གནས་བོད་རིགས་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དང་ཕྱེད་ཡོལ་བགྲོ་གླེང་ལྷན་ཚོགས་ཤིག་གི་ཐོག་དབུ་བཞུགས་མཛད་ཡོད།
དེ་ཡང་༸གོང་ས་མཆོག་ཚོགས་རའི་ནང་ཆིབས་སྒྱུར་བསྐྱངས་སྐབས། ཝི་སི་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་བརྟན་སྒྲོལ་དཀར་ལགས་དང་། བོད་རིགས་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་ཁྱོན་མི་གྲངས་ཆིག་སྟོང་བརྒལ་བས་མགོན་པོ་གང་ཉིད་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་༸གོང་ས་མཆོག་བཞུགས་ཁྲིར་འཁོད་མཚམས་ཤར་པ་སྤྲུལ་སྐུ་ལགས་ཀྱིས་ལས་རིམ་གཙོ་སྐྱོང་ཀྱིས་ཐོག་མར་བོད་ཕྲུག་རྣམས་ཀྱིས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་བསྟོད་གླུ་དབྱངས་སུ་གྱེར། དེ་རྗེས་ཡེ་ཤེས་རྒྱ་མཚོ་ལགས་ཀྱིས་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་བསྡོམས་སྙན་སྒྲོན་ཞུས་གྲུབ་བསྟུན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་གསུང་བཤད་གནང་།
དེ་བཞིན་ཨ་རིའི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མར་ཁི་པོ་ཀན་ Mark Pocan ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་དར་ཕུལ་ཏེ་དགའ་བསུ་ཞུས་ཡོད། སྐབས་དེར་ཌེན་རྫོང་ཁོངས་ Dane County ཀྱི་འགན་འཛིན་ཇོ་པི་རི་སི་ Joe Pirisi ལགས་ཀྱིས་མགོན་པོ་གང་ཉིད་མཆོག་མང་ཚོགས་ལ་ངོ་སྤྲོད་གནང་བ་ཆབས་ཅིག ཁོང་གིས་༸གོང་ས་མཆོག་གི་མཛད་འགན་གཙོ་བོ་གསུམ་པོ་སྲུང་བརྩི་ཞུ་བཞིན་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་མཚོན་ཆེད་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་སྐབས་ཌེན་རྫོང་ཁོངས་ཀྱི་འགན་འཛིན་ལས་ཁུངས་སུ་ཨ་རིའི་རྒྱལ་དར་དང་མཉམ་དུ་བོད་ཀྱི་རྒྱལ་དར་ཡང་སྒྲེང་འཛུགས་གནང་ཡོད་སྐོར། དེ་བཞིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ཉིན་མོར་རྒྱབ་སྐྱོར་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། ༸གོང་ས་མཆོག་གིས་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་བཀའ་སློབ་སྩལ་དོན། བོད་མིའི་རྣམ་པ་ཟེར་དུས་གདོང་པ་དེ་བོད་རིགས་ཡིན་པ་ཙམ་གྱི་འདང་གི་མེད་པས་བོད་སྐད་དང་བོད་ཡིག་ཤེས་དགོས་ཀྱི་ཡོད། ང་ཚོ་བོད་པ་ཚོར་གལ་ཆེ་ཤོས་ཤིག་ག་རེ་ཡོད་པ་རེད་ཅེས་ཞུ་ན། ང་ཚོར་སངས་རྒྱས་ཀྱི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་ལེགས་སྦྱར་གྱི་ཆོས་བརྒྱུད་ནས་མར་ཡོང་བའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་རིག་གནས་བཅུ་ཡོད་ཁོངས་ནས་རིག་གནས་ཆེ་བ་ལྔ། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། ཚད་མ་རིག་པ། ནང་དོན་རིག་པ་བཅས་ནི་སློབ་ཚན་ཆུང་ཆུང་དང་ལས་སླ་པོ་མ་རེད། དེའི་ནང་ནས་ནང་དོན་རིག་པ་དང། གསོ་བ་རིག་པ། ཚད་མ་རིག་པ་ནི་དེང་སྐབས་འཛམ་གླིང་ནང་ཧ་ལམ་ང་ཚོ་བོད་པ་ལ་མ་གཏོགས་མེད།
དེ་ང་ཚོ་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་ནང་ཡོད་པ་རེད་མ་གཏོགས། འཛམ་གླིང་འདིའི་སྒང་སངས་རྒྱས་པའི་ཆོས་ལུགས་རྒྱུན་འཛིན་བྱེད་མཁན་སུ་ལའང་དབུ་ཚད་སེང་གེ་མཇིང་བསྣོལ་གྱི་ཐོག་ནས་སངས་རྒྱས་པའི་ལྟ་གྲུབ་འགྲེལ་བཤད་བརྒྱབ་ཐུབ་མཁན་མེད། དེ་དག་ང་ཚོས་ལེགས་སྦྱར་གྱི་སྐད་སྦྱང་ནས་འགྲེལ་བཤད་རྒྱག་དགོས་མེད། ང་ཚོའི་བོད་སྐད་ཀྱི་ཐོག་ཆ་ཚང་འགྲེལ་བཤད་བརྒྱབ་ཐུབ་རྒྱུ་ཡོད། ང་ཚོ་བོད་པའི་རྣམ་པ་སྤོབས་པའི་ཐོག་ནས་མཚོན་ཐུབ་རྒྱུ་མ་རྩ་གཙོ་བོ་དེ་ནང་དོན་རིག་པ་དང་ཚད་མ་རིག་པ་དེ་རེད་དྲན་གྱི་ཡོད། དེ་སྔ་ང་ཚོའི་བསམ་བློ་གཏོང་སྟངས་ལ་སློབ་གཉེར་རྒྱག་རྒྱུ་ནི་ཕྱོགས་གཅིག་ནས་རབ་བྱུང་དང་དེའི་ནང་ནས་བཤད་གྲྭ་ཡོད་པའི་དགོན་པ་ཚོ་མ་གཏོགས་སྤྱིར་བཏང་རབ་བྱུང་ཕོ་མོ་ཚོས་སློབ་སྦྱོང་བྱེད་རྒྱུའི་མིག་དཔེ་མེད་པ་དང་། མི་མང་སྐྱ་བོ་རེ་ཟུང་མ་གཏོགས་སྤྱི་བྱིངས་ཀྱིས་སློབ་སྦྱོང་བྱེད་སྲོལ་མེད། དེ་ང་ཚོ་རྗེས་ལུས་ཡིན་སྟབས་དོར་རྒྱུ་རེད། དེར་འགྱུར་བ་ཞིག་གཏོང་དགོས་ཀྱི་ཡོད། དེ་ཡང་ཁྲིམས་སོགས་ཀྱི་ཐོག་ནས་འགྱུར་བ་གཏོང་ཐབས་མེད། ང་རང་ཚོས་སློབ་སྦྱོང་བྱེད་ནས་དེར་འགྱུར་བ་གཏོང་དགོས། འདས་པའི་ལོ་སུམ་ཅུའི་རིང་དགོན་པ་ཆེ་ཆུང་ཚང་མས་གང་ཐུབ་གཞུང་ཆེན་སྦྱོངས་དགོས་རེད་ཅེས་འབོད་སྐུལ་བྱས་ཡོད།
དེ་བཞིན་བཙུན་མའི་དགོན་པ་ཚོར་ཡང་གཞུང་ཆེན་སློབ་སྦྱོང་བྱེད་དགོས་རེད་ཅེས་འབོད་སྐུལ་བྱས་ནས་བར་སྐབས་དགེ་བཤེས་མ་རྒྱུགས་སྤྲོད་བྱེད་རྒྱུའི་མཚམས་ལ་བསླེབས་ནས་ལོ་འདིའི་ནང་དགེ་བཤེས་མའི་ལག་འཁྱེར་སྤྲོད་རྒྱུའི་ཐོག་བསླེབས་ཡོད། ངོས་ཀྱིས་རབ་བྱུང་ཕོ་མོ་དབྱེ་བ་མེད་པར་ཚང་མས་གཞུང་ཆེན་སྦྱོངས་དགོས་རེད་ཅེས་བཤད་པ་ལྟར་དངོས་སུ་འབྲས་བུ་སྨིན་བཞིན་ཡོད། དེ་དང་ཆབས་ཅིག་མི་སྐྱ་ཕོ་མོ་ཚོ་ཡིན་ནའང་སློབ་སྦྱོང་བྱེད་དགོས་རེད་ཅེས་འབོད་སྐུལ་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བླང་དོར་བཀའ་སློབ་སྩལ་རྗེས། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད། ཉིན་གུང་ལྗགས་སྨིན་གྲུབ་རྗེས་༸གོང་ས་མཆོག་གིས་སེམས་ཀྱི་ཞི་བདེའི་གལ་གནད་དང་དེང་སྐབས་ཚན་རིག་པ་ཚོས་ཀྱང་དོ་སྣང་བྱེད་བཞིན་པ་དང་འབྲེལ་བའི་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ལྷན་ཞུགས་བཀའ་སློབ་སྩལ་ཡོད།།