ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའམ་མཐའ་མ་དེ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༡ ནས་ཕྱི་ཟླ་ ༤ ཚེས་ ༡ བར་ཉིན་གྲངས་བཅུ་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་དབུ་འཛུགས་གནང་ཡོད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ཟུར་ཉན་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གསར་འགོད་པ་དང། དམིགས་བསལ་ཟུར་ཉན་གཞན་ཁག་གཅིག་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་དང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་མཐའ་མའི་ཐོག་ཕེབས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དཔལ་ལྡན་བཀའ་བློན་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་གིས་དབུས་སྤྱི་འཐུས་རྣམ་པ་ཚང་མར་ཚོགས་གཙོ་སྦྲེལ་པོའི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་གྲོས་ཚོགས་ཀྱི་ལས་རིམ་ནང་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གསུམ་ཡོད། གཅིག་ནི། སྔ་འགྱུར་རྙིང་མའི་བསྟན་བདག་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ཞིང་གཤེགས་དང་། དེ་བཞིན་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམ་པ་གཉིས། དེ་བཞིན་སྐབས་བཅུ་གཅིག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་འོས་འདེམས་བྱུང་བ་དང་སྐབས་ལྔའི་རིང་སྤྱི་འཐུས་གནང་མཁན་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལགས་དགོངས་པ་རྫོགས་པ་རེད། ཁོང་རྣམ་པའི་ཆེད་དུ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་ཞུ་རྒྱུ་དང་། བོད་ནང་དུ་ཛ་དྲག་གནས་སྟངས་མུ་མཐུད་ལྷག་ཡོད་པ་ངས་ཡང་བསྐྱར་བསྐྱར་ལྡབ་ཞུ་མི་དགོས་པའི་ཐོག་ནས་འདས་པའི་ལོ་གཅིག་ནང་གནས་སྟངས་ཇི་འདྲ་ཆགས་ཡོད་མེད་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་ནང་ཆ་ཚང་ཞུས་ཡོད།
འདིར་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་ཕེབས་ཀྱི་ཡོད། ད་རེས་གྲོས་ཚོགས་འདི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་རེད། འདིའི་ནང་སྔོན་རྩིས་གཏན་འབེབས་བྱ་རྒྱུ་རེད། ད་རེས་གྲོས་ཚོགས་འདི་སྐབས་ ༡༦ པའི་བོད་མང་སྤྱི་འཐུས་དང་། བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་བསྒྲུབས་ནས་ཚོགས་ཀྱི་ཡོད། དེ་ཡང་གྲོས་ཚོགས་ཀྱི་ལས་རིམ་ལ་འོས་བསྡུའི་ལས་རིམ་དང་འབྲེལ་ནས་དཀའ་རྙོག་མི་ཡོང་རྒྱུ་དང་། གྲོས་ཚོགས་ཀྱི་ཆེ་མཐོང་འདི་ལྷག་དགོས་པའི་ཆེད་དུ་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་མོ་འདི་བསྒྲིགས་པ་རེད། ད་རེས་ཀྱི་གྲོས་ཚོགས་ནང་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་གསུང་བཤད་དང་། དེ་དང་འབྲེལ་བའི་གྲོས་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་བསྡོམས་དང་དེའི་དྲི་བ་ཁག དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་གསལ་བཤད་གནང་རྒྱུ་དང་། ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་གཏན་འབེབས་བྱ་རྒྱུའི་དུས་ཚོད་མང་བ་ཞིག་དེ་རིང་ལས་རིམ་འདིའི་ཐོག་གཏོང་རྒྱུ་རེད།
ལྷག་པར་ཕྱི་ཟླ་ ༣ ཚེས་ ༣༡ སྔོན་ལ་སྔོན་རྩིས་གཏན་འབེབས་གནང་དགོས་པ་དང་། གཏོང་ལེན་ཁྲིམས་ཡིག་གཏན་འབེབས་གནང་དགོས་པར་བརྟེན། ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་དེ་ཚོ་སྔོན་དུ་བཞག་ནས་དེའི་རྗེས་སུ་སྔོན་རྩིས་གཏན་འབེབས་བྱ་རྒྱུའི་ལས་རིམ་དེ་དག་སྔོན་དུ་འགྲོ་རྒྱུ་ཡིན། ཞེས་ཞུ་རྒྱུ་དང་། དེ་ནས་གཞུང་འབྲེལ་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་བདུན་པའི་སྙན་ཐོ་རྒྱས་པ་ཞིག་ཐེངས་འདིའི་གྲོས་ཚོགས་ནང་ཕེབས་རྒྱུ་རེད། དེའི་ཐོག་ལ་བགྲོ་གླེང་དང་ཐག་གཅོད་གནང་རྒྱུ། དེ་བཞིན་དཔལ་ལྡན་བཀའ་ཤག་ངོས་ནས་བཀའ་ཤག་གིས་གསུང་བཤད་ཐེངས་འདིའི་གྲོས་ཚོགས་ནང་ཕེབས་ཀྱི་ཡོད། དེ་དང་དེ་བཞིན་སྒྲིག་གཞི་བསྐྱར་བཅོས་ཁག་གཅིག་ཕེབས་རྒྱུ་དང་། གྲོས་ཆོད་གྲོས་འཆར་ཁག་གཅིག་འཛིན་སྐྱོང་སྒྲིག་གཞིའི་ཟུར་འཛར་ཁ་སྣོན་གནང་བཞག་པ་དེ་དག་གྲོས་ཚོགས་ཀྱི་གསོལ་ཅོག་སྟེང་ཕེབས་རྒྱུ་དང་དེའི་རིགས་དེ་དག་ད་རེས་གྲོས་ཚོགས་ནང་དེ་ལྟར་ཕེབས་རྒྱུ་རེད། ཅེས་ཞུ་རྒྱུ་ཡིན། ད་རེས་ང་ཚོ་འཁྲུག་ཆ་དོད་པོའི་འོས་བསྡུའི་ལས་རིམ་འདིའི་ནང་སྤྱི་ཚོགས་ནང་ལབ་གླེང་སྣ་ཚོགས་བྱུང་ཡོད། དེ་དག་ཚང་མ་བསྒྲུབས་ཟིན་པ་རེད། བསྒྲུབས་ཟིན་པར་བརྟེན་འོས་བསྡུའི་ལས་རིམ་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་ནང་རྣམ་པ་ཚོས་གསུང་དགོས་རྒྱུ་མེད་ལ་དེའི་ཐོག་ནས་གྲོས་ཚོགས་ནང་དཀྲུག་རྐྱེན་གྱི་གཞི་བཟོ་མ་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ད་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་ཚོ་རེད། སྤྱི་འཐུས་རྣམ་པ་ཚོ་རེད། དེ་བཞིན་རྣམ་པ་ཚོ་ཚང་མས་གྲོས་ཚོགས་ཀྱི་ལས་རིམ་ཐོག་ཚོགས་གཙོ་སྦྲེལ་པོར་མཐུན་རྐྱེན་ཡག་ཐག་གཅོད་སྦྱར་གནང་སོང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རེས་གྲོས་ཚོགས་དེ་ཡང་དེ་དེ་བཞིན་གྱི་གཟི་བརྗིད་མཐོན་པོའི་ཐོག་ནས་བོད་ཕྱི་ནང་གཉིས་ཀའི་བོད་མི་ཚོས་ཡིད་ཆེས་ཡོད་པ་ནང་བཞིན། གཟེངས་མཐོན་པོའི་ཐོག་ནས་གྲོས་ཚོགས་གྲོལ་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ཚང་མས་ད་དུང་ཡིན་ནའང་མུ་མཐུད་མཐུན་འགྱུར་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང། དེ་ནས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་བཅས་ཀྱིས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་ཡོད།།