༢༠༡༦ ཟླ་ ༣ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༨ ཉིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་བདུན་པའི་ཐོག ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་འབྲེལ་མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་ལགས་ཀྱིས། ཤེས་རིག་ལས་ཁུངས་ངོས་ནས་རྒྱ་གར་དབུས་སློབ་འཛིན་ཚོགས་འོག་གི་སློབ་གྲྭ་ཁག་རྩིས་ལེན་ཐུབ་ཀྱི་ཡོད་མེད་དང་། ད་ལྟའི་ཆར་སློབ་གྲྭ་དེ་དག་གི་ཤེས་ཡོན་ཐོག་འཐུས་ཤོར་ཆེན་པོ་འགྲོ་བཞིན་ཡོད་སྐོར་སོགས་དོགས་འདྲི་གནང་སྐབས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསལ་བཤད་གནང་དོན།
རྒྱ་གར་གཞུང་ནས་ལོ་གསུམ་གྱི་དུས་ཚོད་ཅིག་གནང་ཡོད་པ་ལྟར་འབྲེལ་ཡོད་ཚོའི་ངོས་ནས་ཀྱང་དུས་ཚོད་དེ་བཟུང་སྟེ་རྒྱ་གར་འབྲེལ་ཡོད་ལས་བྱེད་ཚོས་གཡོལ་བསྡད་པ་རེད། ཤེས་རིག་ལས་ཁུངས་ངོ་ལས་དང་། ལྷག་པར་དུ་དཔལ་ལྡན་སྲིད་སྐྱོང་ངོས་ནས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་པ་རེད། མཐའ་དོན་རྒྱ་གར་གཞུང་གི་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་ནའང་དེའི་བར་གྱི་ལས་བྱེད་ཁ་ཤས་ཤིག་གིས་བཀག་འགོག་བྱས་ཡོད་པ་གསལ་པོ་ཧ་གོ་བྱུང་། དེར་བརྟེན་རྩིས་སྤྲོད་རྩིས་ལེན་དེ་ཏག་ཏག་གཅིག་ཡོང་གི་མེད་སྟབས། མཐར་༸སྐྱབསམགོན་རིན་པོ་ཆེ་མཆོག་ནས་ཀྱང་བཀའ་སྩལ་དགོས་པ་དེ་འདྲ་ཆགས་པ་རེད།
ད་ལྟའི་ཆ་ལ་ཚང་མར་ཐུགས་འཚབ་ཡོད་སྟབས་གནས་ཚུལ་བཟང་པོ་ཞིག་ཞུ་ན་སྤྲོ་བོ་ཡོང་གི་རེད་བསམ་ནས་འདིར་སྙན་གསེང་ཞུ་རྒྱུ་ཞིག་ལ། རྒྱ་གར་དབུས་ཤེས་རིག་ལས་ཁུངས་ཐོག་ནས་ལས་རིམ་གཉིས་པ་སྟེ། འཛིན་རིམ་བརྒྱད་པའི་བར་གྱི་དམའ་རིམ་གྱི་སློབ་གྲྭ་ ༥ དང་། འབྲིང་རིམ་གྱི་སློབ་གྲྭ་ ༥ བཅས་ཁྱོན་སློབ་གྲྭ་ ༡ ༠ ཙམ་འདི་ཟླའི་ཚེས་ ༡༧ ཉིན་རྩིས་སྤྲོད་རྒྱུའི་བཀའ་འཁྲོལ་གནང་སོང་། རྩིས་སྤྲོད་རྩིས་ལེན་གྱི་ཞིབ་ཕྲའི་སྤྲོད་ཕྱོགས་བྱེད་ཕྱོགས་ཆེད་བོད་སློབ་འཛིན་སྐྱོང་ཚོགས་པས་ཡིག་ཆ་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། བདུན་ཕྲག་དང་པོ་གཉིས་པའི་ནང་ལ་རྩིས་ལེན་ཐུབ་རྒྱུ་དང་རྩིས་བླང་རྒྱུའི་དུས་སྐབས་དེ་ཡོང་རྒྱུ་རེད་བསམ་བཞིན་ཡོད། ཡིག་ཆ་འདི་ངས་ཞིབ་ཕྲ་འདིར་སྙན་སེང་ཞུ་མི་དགོས་པ་བྱོས། འདིའི་ནང་ལ་གཞིས་ཆགས་ཁག་དང་འབྲེལ་བའི་དམའ་རིམ་སློབ་གྲྭ་ལྔ་ཡོད། འབྲིང་རིམ་སློབ་གྲྭ་ལྔ་བཅས་སློབ་གྲྭ་བཅུ་དེ་གཏན་འཁེལ་ཡོད་ཀྱང་ད་དུང་མཇུག་སྒྲིལ་གྱི་མེད། ད་དུང་འཛིན་རིམ་བཅུ་པ་བར་ཡོད་པ་དང་། བཅུ་གཉིས་བར་ཡོད་པའི་སློབ་གྲྭ་ཁག་གཅིག་ཡོད་སྟབས། སློབ་གྲྭ་དེ་དག་ལས་རིམ་གསུམ་པའི་ནང་བཞག་ཡོད། ལས་དོན་འདིའི་ཐོག་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་རོགས་རམ་ཡག་པོ་གནང་སོང་།
ཕྱི་སྲིད་ལས་ཁུངས་དབུ་བཞུགས་ཐོག་ཚོགས་འདུ་སྔ་རྗེས་གཉིས་ཚོགས་པ་རེད། སྐབས་དེར་ང་ཚོས་གང་བྱས་པ་རྣམས་རེ་རེ་བཞིན་སྟོན་སྐབས་རྩིས་སྤྲོད་མཁན་ངོས་ནས་དུས་ཐོག་ཏུ་གང་གནང་དགོས་པ་དེ་དག་གནང་མ་ཐུབ་པའི་ར་སྤྲོད་གསལ་པོ་ཆགས་ཤི་གསོན་ར་སྤྲོད་ལྟ་བུ་བྱུང་བར་བརྟེན་ཏོག་ཙམ་ཡག་པོ་བྱུང་སོང་། སླར་ཡང་ཟླ་འདིའི་ཚེས་ ༧ ཉིན་ལྡི་ལིར་རྒྱ་གར་ཕྱི་སྲིད་ལས་ཁུངས་དབུ་བཞུགས་ཐོག་ཚོགས་འདུ་ཚོགས་པ་རེད། སྐབས་དེར་ང་ཚོས་འུ་ཐུག་པ་ལྟ་བུས་རྩིས་སྤྲོད་གནང་རྒྱུ་ཡོད་ན་གནང་རོགས་གནང་། དུས་ལ་བབ་འདུག་ཕྱི་མ་དྲག་ནའང་སྔ་དྲག་མེད། སློབ་གྲྭར་དཀའ་ངལ་ཡོད་པ་མ་ཟད། དགེ་རྒན་ཚོའང་ལྷིང་འཇགས་མེད་པའི་དཀའ་ངལ་འདུག ཕ་མ་ཚོས་ཀྱང་སྐད་རྒྱག་བཞིན་འདུག གལ་ཏེ་གནང་རྒྱུ་མིན་ན་མིན་གསུང་གསུང་རོགས་ཞེས་ཞུ་སྐབས། རྩ་བའི་རྒྱ་གར་གཞུང་གི་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་ནའང་ལས་གཞི་དེ་དངོས་སུ་ལག་བསྟར་སྐབས་རྒྱ་གར་དགེ་རྒན་མང་པོ་ཞིག་རྒྱ་གར་སློབ་གྲྭ་ཁག་ནང་བགོ་འགྲེམ་བྱེད་དགོས་པ་སོགས་ལ་བརྟེན་ནས་དུས་ཚོད་འགོར་བ་རེད་མ་གཏོགས་རྩིས་སྤྲོད་རིམ་བཞིན་ཡོང་རྒྱུ་རེད། ཅེས་སྐབས་དེར་གསུངས་པ་རེད།
ཕྱི་ཚེས་བཅུ་བདུན་ཉིན་སློབ་གྲྭ་བཅུ་རྩིས་སྤྲོད་རྒྱུ་ཡིན་པའི་ཕྱག་ཡིག་འབྱོར་ཡོད། འོན་ཀྱང་ང་ཚོས་གསལ་བསྒྲགས་བྱས་མེད། ཐོག་མར་གྲོས་ཚོགས་ལ་སྙན་སེང་ཞུས་ན་བསམས་པ་རེད། དེའི་སྔོན་དུ་གསལ་བསྒྲགས་སྤེལ་ན་འོས་བསྡུའི་ལས་རིམ་ལ་དོ་ཕོག་འགྲོ་མི་ཡོང་བསམས་པ་རེད། མདོར་ན་ད་ལྟའི་ཆར་སློབ་གྲྭ་བཅུ། དེ་སྔོན་སློབ་གྲྭ་ ༤ རྩིས་ལེན་དང་། སྔོན་འགྲོའི་སློབ་གྲྭ་ ༣༣ རྩིས་བླངས་ཚར་བ་རེད། སློབ་གྲྭ་འབྲིང་རིམ་རྒན་པ་མཐོ་བ་དང་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་གྲྭ་ཁག་གཅིག་ད་ལྟ་རྩིས་ལེན་ཆེད་མཇུག་གནོན་མུ་མཐུད་ནས་ཞུ་རྒྱུ་ཡིན། ཞེས་གསལ་བཤད་གནང་ཡོད་པ་བཅས།།