༢༠༡༦ ཟླ་ ༣ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༠ ཉིན་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཨི་སི་ཏོ་ནི་ཡ་དང་ལ་ཏི་ཝི་ཡ། ལུ་ཐུ་ཝེ་ནི་ཡ་བཅས་ཀྱིས་གྲོས་ཚོགས་འཐུས་མི་ཁག་གཅིག་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཐུན་མོང་ཐོག་རྒྱ་ནག་གཞུང་ནས་༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་དང་ལྷན་གང་མགྱོགས་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ང་ཚོ་ཨི་སི་ཏོ་ནི་ཡ་ Estonia དང་ལ་ཏི་ཝི་ཡ། Latvia ལི་ཐུ་ཝེ་ནི་ཡ་ Lithuania བཅས་རྒྱལ་ཁབ་གསུམ་གྱི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱི་མིང་རྟགས་འཁོད་པ་རྣམས་ཀྱིས། བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་རང་ལུས་མེར་སྲེག་བསྟུད་མར་གཏོང་བཞིན་པའི་གནས་སྟངས་ཐོག་སེམས་འཚབ་དང་བློ་ཕམ་ཧ་ཅང་ཡོང་བཞིན་འདུག ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་དུ་ཉུང་མཐར་བོད་མི་ ༡༤༣ རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་སེམས་སྡུག་གི་རྣམ་པ་ཕྱིར་འདོན་གནང་ཡོད། འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་དེ་འདྲ་ཡང་ཡང་སྤེལ་བཞིན་པ་དེས་བོད་དང་བོད་མི། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོབ་ཐང་ཐོག་མི་སྤྱོད་ལས་འདས་ཤིང་བཟོད་ཐབས་བྲལ་བའི་རྒོལ་བརྡུང་ཕོག་བཞིན་ཡོད་པ་ཧ་ཅང་གསལ་པོར་མཚོན་ཐུབ།
ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༩ ཉིན་རང་ལོ་ ༡༨ སོན་པའི་བོད་མི་སྐལ་བཟང་དབང་འདུས་ལགས་དང་རང་ལོ་ ༡༦ སོན་པའི་བོད་མི་རྡོ་རྗེ་ཚེ་རིང་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་ནས་ཞི་རྒོལ་གནང་རྗེས་འདས་གྲོངས་སུ་གྱུར་བར་ང་ཚོ་དངོས་གནས་ཧ་ལས་དགོས་པ་བྱུང་། འདས་པའི་ལོ་ ༥༧ རིང་དངོས་ཡོད་གནས་ཚུལ་ཁག་མང་པོ་ཞིག་ཐོན་པར་གཞིར་བཟུང་ནས་བརྗོད་ན་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དངོས་ཡོད་དོན་དམ་གྱི་ཡར་རྒྱས་གང་ཡང་བྱུང་མེད། དེར་བརྟེན་ང་ཚོས་རྒྱ་ནག་གཞུང་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་དང་ལྷན་འཕྲལ་མར་དོན་སྙིང་ལྡན་པའི་གྲོས་མོལ་འགོ་འཛུགས་གནང་རོགས་ཞེས་ཞུ་རྒྱུ་ཡིན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་གཉིས་ཀས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་གསུང་གསལ།
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་བྱས་ཏེ་བོད་རྒྱའི་དཀའ་རྙོག་བསལ་ཐུབ་པ་ཡོང་རྒྱུར་བཀའ་ཤག་ནས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། བོད་མི་རིགས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱེད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར་མུ་མཐུད་དམ་འཛིན་བྱེད་རྒྱུ་ཡིན། རྒྱ་ནག་གཞུང་གི་དབང་འཛིན་པས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱུ་མཚན་མཐོང་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་མཉམ་དུ་འབྲེལ་མོལ་བྱེད་དགོས་པའི་བསྐུལ་མ་ཡང་བྱ་རྒྱུ་ཡིན། ཞེས་གསལ།
ང་ཚོ་གཤམ་དུ་མཚན་རྟགས་བཀོད་པའི་གྲོས་ཚོགས་འཐུས་མི་རྣམས་དང་བྷལ་ཊིག་ Baltic བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་དང་བོད་ནང་གི་བོད་རིགས་ཚོར་ཡུན་གནས་ཐུབ་པའི་འཚེ་མེད་ཞི་བའི་ཐབས་ལམ་ཞིག་འཚོལ་ཐབས་ཆེད་རྒྱ་ནག་གཞུང་དང་བཙན་བྱོལ་བོད་མིའི་སྐུ་ཚབ་དབར་དོན་སྙིང་ལྡན་པའི་གྲོས་མོལ་སླར་གསོ་དགོས་པ་དང་། དེ་ལྟར་ཡོང་སླད་ང་ཚོས་མཐུན་འགྱུར་རོགས་རམ་ཞུ་རྒྱུའི་གྲ་སྒྲིག་ཨང་གསར་ཡོད།
ཨི་སི་ཏོ་ནི་ཡ་ Estonia དང་ལ་ཏི་ཝི་ཡ། Latvia ལི་ཐུ་ཝེ་ནི་ཡ་ Lithuania བཅས་ཀྱི་ལོ་རྒྱུས་ཁྲོད་བོད་མི་ལྟར་རང་གི་རིག་གཞུང་དང་སྤྱི་ཚོགས། ཆབ་སྲིད་ཀྱི་འཐབ་རྩོད་བྱེད་པའི་གནས་སྟངས་དང་མཚུངས་པ་ཞིག་ཉམས་མྱོང་བསགས་ཡོད། བོད་རྒྱ་གྲོས་མོལ་མཐུན་རྐྱེན་སྦྱོར་རྒྱུའི་འདུན་པ་དང་ཉམས་མྱོང་ང་ཚོར་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་གྲོས་ཚོགས། དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་སྲིད་བྱུས་ཚན་པའི་ཆེས་མཐོའི་སྐུ་ཚབ་རྣམས་ལ་བོད་ཀྱི་དཀའ་ངལ་ཞི་བའི་ལམ་ནས་སེལ་ཆེད་འཚེ་མེད་ཞི་བའི་ལམ་ནས་ཐབས་ལམ་གང་ཡོད་ཐོག་བོད་རྒྱ་གྲོས་མོལ་ཐུབ་ཐབས་གནང་རོགས། ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ང་ཚོས་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱེད་རྒྱུ་མ་ཟད། རྒྱ་ནག་གཞུང་གིས་འགོ་ཁྲིད་ཚོས་བོད་མིའི་དཀའ་སྡུག་གི་རྒྱུ་རྐྱེན་གང་ཡིན་ཐོག་རྟོག་ཞིབ་བྱེད་དགོས་པའི་རེ་འདུན་ཞུ་རྒྱུ་དང་སྦྲགས། ང་ཚོས་བོད་མི་རྣམས་ལ་རང་དབང་དང་རྒྱལ་དོན། དེ་བཞིན་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་ལྟ་བུ་ཚབས་ཆེའི་ལས་འགུལ་རིགས་མཚམས་འཇོག་གནང་རོགས། ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། བོད་མི་སྤུན་མཆེད་ཕོ་མོ་རྣམ་པར་ཞུ་རྒྱུར། ཁྱེད་རྣམ་པའི་བཟོད་ཐབས་བྲལ་བའི་སེམས་སྡུག་དང་ན་ཟུག་དེ་དག་ང་ཚོའི་མིག་ལམ་དུ་མཇལ་བྱུང་། སླར་ཡང་མེ་ལྕེ་སྒྲོན་མི་དགོས་པར་ཁྱེད་རྣམས་ནི་ང་ཚོའི་ལྟ་བའི་མིག་དང་ཁོག་པའི་སྙིང་ནང་ཕྲ་ལྷེམ་མེར་གསལ་བཞིན་ཡོད། ཅེས་འཁོད་ཡོད།
དེ་ཡང་ཐེངས་འདིར་གྲགས་གཏམ་སྤེལ་མཁན་གྱི་ཚོགས་མིའི་ཁོངས་སུ། ཨི་སི་ཏོ་ནི་གྲོས་ཚོགས་འཐུས་མི་དང་ཨི་སི་ཏོ་ནི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Yoko Alender མཆོག་དང་། རྩོམ་པ་པོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་སྐུ་ཞབས་ Roy Strider མཆོག ཨི་སི་ཏོ་ནི་གྲོས་ཚོགས་འཐུས་མི་ Artur Talvik,Andres Ammas,Andres Herkel, Monika Haukanõmm,Lauri Luik,Eerik-Niiles Kross,Mart Nutt, Ken-Marti Vaher མཆོག་བཅས་དང་། ཤར་ཕྱོགས་རིག་གཞུང་སྦྱོང་བརྡར་བསྟི་གནས་ཀྱི་ཏར་ཏུ་གཙུག་ལག་སློབ་གྲྭའི་ཉམས་ཞིབ་པ་རྒན་གྲས་ཀྱི་ཚོགས་གཙོ་དང་ཨི་སི་ཏོ་ནི་ཡ་ཤར་ཕྱོགས་རིག་གནས་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་ Märt Läänemets,Head མཆོག་དང་། ཨི་སི་ཏོ་ནི་ཡའི་བོད་ཀྱི་གྲོགས་པོ་ཚོགས་པ་གསར་འཛུགས་གནང་མཁན་དང་ཚན་རིག་པ་སྐུ་ཞབས་ Laur Järv མཆོག་དང་། ལ་ཏི་ཝི་ཡའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Mārtiņš Šics མཆོག་དང་། ལ་ཏི་ཝི་ཡའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་དང་འགྲོ་བ་མིའི་ཐོབ་ཐང་དང་མང་ཚོགས་ལས་དོན་ཚན་པའི་འགན་འཛིན་ Inese Laizāne མཆོག དེ་བཞིན་ལ་ཏི་ཝི་ཡའི་གྲོས་ཚོགས་འཐུས་མི་ Ingūna Rībena མཆོག་དང་ Andris Buiķis མཆོག Nellija Kleinberga མཆོག Kārlis Krēsliņš མཆོག Janīna Kursīte-Pakule མཆོག Imants Parādnieks མཆོག Jānis Ruks མཆོག Juris Viļums མཆོག Hosams Abu Meri མཆོག Artuss Kaimiņš མཆོག ལ་ཏི་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ “Latvia for Tibet” ཚོགས་གཙོ་ Jānis Mārtiņš Skuja,Head of Society Agnese Bišofa སོགས་ཡོད་འདུག །