༢༠༡༦ ཟླ་ ༣ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ལྷོ་ཕྱོགས་ཨ་མི་རི་ཀའི་གླིང་ཆེན་གྱི་བྷར་ཛིལ་ Brasil ཡུལ་གྱི་རྒྱལ་ས་སོ་པོ་ལོའི་ Sao Paulo ནང་དུ་རྟེན་གཞི་བྱས་པའི་བོད་ཁང་ The Tibet House གསར་འཛུགས་ལེགས་གྲུབ་བྱུང་རྗེས་ཐེངས་དང་པོར་བོད་ཀྱི་གསོལ་རྒྱུན་རིག་གནས་ཀྱི་འགྲེམས་སྟོན་གནང་ཡོད་འདུག དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༥ ཉིན་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་སྐུ་ཞབས་བློ་བཟང་བསམ་གཏན་ལགས་ཀྱིས་བཞེངས་པའི་སྨན་ལྷའི་རྡུལ་ཚོན་དཀྱིལ་འཁོར་གྱི་འགྲེམས་སྟོན་ཉིན་བཅུའི་རིང་གནང་སྐབས། དཀྱིལ་འཁོར་མཇལ་མཁན་མི་མང་གང་ཙམ་ཕེབས་འདུག
སྐབས་དེར་ཁོང་གིས་དཀྱིལ་འཁོར་མཇལ་མཁན་རྣམས་ལ་སྨན་ལྷའི་དཀྱིལ་འཁོར་སྐོར་འགྲེལ་བཤད་ཞིབ་ཕྲ་གནང་བ་མ་ཟད། བོད་བརྒྱུད་ནང་བསྟན་ཁྲོད་དཀྱིལ་འཁོར་རིགས་འདྲ་མིན་ཡོད་པ་དང་རྒྱུད་སྡེའི་ནང་གསུངས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཡབ་ཡུམ་སོགས་ཀྱི་མཚོན་དོན་དང་ཕྱག་ཚན་སོགས་རེ་རེ་བཞིན་འགྲེལ་བཤད་གནང་འདུག
དེ་ཡང་འགྲེམས་སྟོན་ཉིན་མཐའ་མར་སྐུ་ཞབས་བློ་བཟང་བསམ་གཏན་ལགས་ཀྱིས་དཀྱིལ་འཁོར་གཤེགས་གསོལ་གནང་། དེ་ཡང་ཁོང་གིས་རྡུལ་ཚོན་དཀྱིལ་འཁོར་གཤེགས་གསོལ་དང་འབྲེལ་བའི་ཆོ་གའི་སྐོར་འགྲེལ་བཤད་དང་སྦྲགས་གཤེགས་གསོལ་རྗེས་རྡུལ་ཚོན་རྣམས་ཉེ་འགྲམ་གྱི་རྒྱུག་ཆུ་ Ibirapuera Park ཞེས་པའི་ནང་གཏོར་ཡོད། གཞན་ཡང་སྐུ་ཞབས་བློ་བཟང་བསམ་གཏན་ལགས་ཀྱིས་དཀྱིལ་འཁོར་གྱི་གལ་གནད་དང་། དེང་རབས་སྤྱི་ཚོགས་ཁྲོད་གནའ་བོའི་ལེགས་བཤད་ཀྱི་དགོས་མཁོ་དང་། བསམ་བློའི་འཕྲོད་བསྟེན། ཞེས་པའི་བརྗོད་གཞི་གཉིས་ཀྱི་ཐོག་གསུང་བཤད་གནང་འདུག གོ་སྒྲིག་གནང་མཁན་བྷར་ཛིལ་བོད་ཁང་དང་པ་ལ་སི་ཨེ་ཐེ་ན་མཐུན་ཚོགས་ Palas Athena Associationཞེས་པ་ཡིན་འདུག
གཞན་ཡང་སྐུ་ཞབས་བློ་བཟང་བསམ་གཏན་ལགས་ཀྱིས་རྒྱལ་སའི་མཐའ་མཚམས་སུ་ཆགས་པའི་ Cabreúva ཞེས་པའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ས་སྐྱ་དགོན་པ་ཞིག་ཡོད་པ་དེར་བདུན་ཕྲག་གཅིག་གི་སྒོམ་ཉམས་ལེན་ཆེད་མཚམས་ཀྱི་འཛིན་གྲྭ་ཚོགས་ཡོད་པ་དེས་མི་མང་པོར་ཕན་རླབས་ཧ་ཅང་བྱུང་འདུག་པ་བཅས།།