༢༠༡༦ ཟླ་ ༣ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༩ ནས་ ༡༩ བར་རྡ་སའི་དབྱུག་རྩེད་སྤོ་ལོའི་ཐང་ཆེན་དུ་རྒྱལ་སྤྱིའི་དབྱུག་རྩེད་རྩེད་འགྲན་ཆེན་མོའི་སྐབས་དང་བསྟུན། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༤ རེས་གཟའ་པ་སངས་ཉིན་ཛིམ་བྷབ་ཝེ་ཡུལ་གྱི་རྩེད་མོ་བ་ Zimbabwean national cricket team ཁག་གཅིག་རྡ་སར་རྟེན་གཞི་བྱས་པའི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགྲེམས་སྟོན་ཁང་དུ་ཕེབས་ནས་པར་རིགས་རྣམས་ལ་དོ་སྣང་ཆེན་པོས་གཟིགས་ཞིབ་གནང་འདུག་པ་མ་ཟད། སྐབས་དེར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་པར་རིགས་རྣམས་འགྲེལ་བཤད་དང་འགྲེམས་སྟོན་ཚན་པའི་ངོ་སྤྲོད། དེ་བཞིན་རྩེད་མོ་བ་རྣམས་ཀྱི་དོགས་འདྲི་ཁག་ལ་གསལ་བཤད་གནང་འདུག
དེ་ཡང་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་གྱིས་འགྲེམས་སྟོན་ཁང་དུ་སྒྲིག་གཤོམ་གནང་བའི་པར་རིགས་དེ་དག་གིས་བོད་ཀྱི་ལོ་རྒྱུས་དང་། བཙན་པོའི་དུས་སྐབས། དེང་སྐབས་བོད་གཞིས་བྱེས་གཉིས་ཀྱི་ཛ་དྲག་གི་གནས་སྟངས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། དེ་བཞིན་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་སྐོར་དང་ལྷན་ཁང་ཁག་གི་ངོ་སྤྲོད་སོགས་ཞིབ་རྒྱས་ཕྱི་མི་ཚོར་ངོ་སྤྲོད་དང་གསལ་བཤད་གནང་ཐུབ་པ་བྱུང་ཡོད་པ་མ་ཟད། ལས་བྱེད་བསྟན་འཛིན་དབྱིངས་གསལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་ཡིག་ཆ་སོགས་རྩེད་མོ་བ་རྣམས་ལ་འགྲེམས་སྤེལ་གནང་སྐབས་རྩེད་འགྲན་པ་ཚོས་དོ་སྣང་ཆེན་པོས་མཉམ་འཁྱེར་གནང་འདུག །