༢༠༡༦ ཟླ་ ༣ ཚེས་ ༦ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༦ རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་བཞུགས་སྒར་ཕོ་བྲང་གི་གཤམ་དུ་ལྷ་རྒྱལ་རིའི་མདུན་ཐང་དུ་གདན་ཞུས་ཀྱིས་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ཀྱི་ཕ་མ་གཉིས་དང་སྤུན་མཆེད་ལྷན་རྒྱས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་མཆོག་དང་འཕྲོད་བསྟེན་བཀའ་བློན་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་སྤྱི་འཐུས་ཁག་གཅིག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་ཁག་གཅིག་དང་སེར་སྐྱ་མང་ཚོགས། གཞོན་ནུ་ཚོགས་པའི་ཚོགས་གཙོ་ཚོགས་གཞོན་གྱིས་གཙོས་རྒྱུན་ལས་རྣམ་པ་དང་ས་གནས་ལས་བྱེད་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་གནང་བའི་དབུས་ཐོག་མར་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་བཏང་སྟེ་རྒྱལ་གཅེས་པ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་གནང་གྲུབ་མཚམས་
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་གསུང་བཤད་གནང་དོན། ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་ཕྱི་མིས་ཆེད་མངགས་སྲིད་བྱུས་ངན་པའི་འོག་བོད་ནང་འཛུལ་ནས་ཕྱི་ལོ་ ༡༩༥༩ ལོར་བོད་རྒྱལ་ཁབ་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་ད་བར་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཁྲོད་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ལྟ་བུ་རྒྱལ་གཅེས་པ་ཧ་ཅང་མང་པོ་བྱུང་ཡོད།
རྒྱལ་གཅེས་པ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་ཐོག་མར་རང་ལུས་མེར་སྲེག་བཏང་བ་དང་། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༢ ནང་བོད་ནང་དུ་རྒྱལ་གཅེས་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་ནས་བཟུང་ད་བར་བོད་གཞིས་བྱེས་གཉིས་སུ་བོད་མི་ཁྱོན་མི་གྲངས་ ༡༥༠ ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད། བཙན་བྱོལ་ནང་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་མང་པོ་བྱུང་ཡོད་པའི་ནང་ནས་དེ་རིང་ང་ཚོའི་མདུན་དུ་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་དགུང་གྲངས་ཧ་ཅང་ཆུང་ངུ་ཡིན་ནའང་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་བློས་གཏོང་ཇི་འདྲ་ཞིག་བྱེད་དགོས་མིན་ཐད་དུས་རྟག་ཏུ་བསམ་བློ་གཏོང་མཁན་ཞིག་གིས་མཐར་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་འདི་བྱུང་བ་རེད།
དེ་དང་དུས་མཉམ་དུ་བོད་ནང་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་བོད་ཁམས་དཀར་མཛེས་ཁུལ་ཉག་རོང་རྫོང་རི་མཚོ་ཁ་ཨརྱ་གླིང་དགོན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་བོད་ནང་རང་དབང་རང་བཙན་དགོས་ཞེས་སྐད་འབོད་གནང་སྟེ་རང་ལུས་མེར་སྲེག་བཏང་ཡོད་པར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱལ་གཅེས་པ་ཁོང་ཚོར་གུས་འདུད་ཞུ་རྒྱུ་དང་། ལྷག་པར་རྒྱལ་གཅེས་པ་ཁོང་གི་ཕ་མ་གཉིས་ཀྱིས་གཙོས་སྤུན་མཆེད་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ཨིན་སྐད་ཐོག་མྱ་ངན་གུས་འདུད་དང་འབྲེལ་བའི་གསུང་བཤད་གནང་།
དེ་རྗེས་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ཀྱི་ཕ་ཐུབ་བསྟན་ལགས་ཀྱིས་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ་བོད་རིགས་སློབ་མ་རྣམས་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་སླད་ཐབས་ལམ་འདི་ལས་གཞན་རང་འཁྲི་ཤེས་ཡོན་སྦྱང་བརྩོན་ཆེད་ཧུར་བརྩོན་གནང་གལ་ཆེ་བའི་འབོད་སྐུལ་གནང་། དེ་རྗེས་རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་ལ་རིམ་བཞིན་དཀར་གཙང་མཇལ་དར་གཡོགས་ཡོད།
དེ་ནས་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་གསུང་བཞིན་དུ་དམ་པ་ཁོང་གི་སྐུ་ཕུང་ཞུགས་འབུལ་ཆེད་དུར་ཁྲོད་དུ་གདན་འདྲེན་ཞུས་ནས་སྨོན་ལམ་གསུང་དོན་དང་སྦྲགས་སྔ་དྲོའི་ཆུ་ཚོད་ ༡༠།༤༠ ཙམ་ལ་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་གནང་ཡོད།
དེ་ཡང་ཁོང་མ་གྲོངས་གོང་སྨན་ཁང་ནས་ཁོང་གིས་རང་ལུས་མེར་སྲེག་བཏང་དགོས་དོན་ནི། ཕྱི་ལོ་ ༡༩༥༩ ལོར་རྒྱ་མིས་བོད་ལ་དབང་བསྒྱུར་བྱས་པར་བརྟེན་བོད་མི་གཞིས་བྱེས་གཉིས་སུ་གྱེས་ནས་རྒྱ་གར་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོའི་ནང་བྲོས་བྱོལ་དུ་ཕེབས་དགོས་བྱུང་བར་བརྟེན་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་དམ་པ་ཁོང་གིས་ཕ་མ་གཉིས་བློས་བཏང་ནས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་བ་མ་ཟད། ཞལ་ཆེམས་ནང་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པ་དང་། བོད་རང་བཙན་མྱུར་དུ་ཐོབ་པའི་སྨོན་འདུན་ཡང་ཞུས་མཐར་བོད་རྒྱལ་ལོ་ཞེས་བསྒྲགས་འདུག །