༢༠༡༦ ཟླ་ ༣ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༤ རེས་གཟའ་པ་སངས་ཉིན་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་ལགས་ཀྱི་སྐུ་ཕུང་ལྡི་ལི་ནས་རྡ་སར་གདན་འདྲེན་ཞུས་རྗེས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༥ རེས་གཟའ་སྤེན་པའི་སྔ་དྲོའི་ཆུ་ཚོད་ ༨།༢༠ ཙམ་ལ་བཞུགས་སྒར་དུ་ཕེབས་འབྱོར་སྐབས་བོད་མི་སྐྱ་སེར་གཙོ་བོར་གྱུར་བའི་ཕྱི་རྒྱལ་བ་དང་རྒྱ་གར་ཡུལ་མི་བཅས་མི་གྲངས་སྟོང་ཕྲག་བརྒལ་བས་ཕེབས་བསུར་བཅར། སྐབས་དེར་གཞོན་ནུའི་ཚོགས་གཙོས་གཙོས་ཚོགས་མི་ཚོས་དམ་པ་ཁོང་གི་སྐུ་ཕུང་གཞོན་ནུའི་ལས་ཁུངས་སུ་གདན་འདྲེན་ཞུས་རྗེས་དགེ་འདུན་པ་ཁག་གཅིག་གིས་བསྔོ་སྨོན་མཆོད་འབུལ་གནང་ཡོད་པ་དང་། སང་ཉིན་ཞོགས་པ་ཆུ་ཚོད་ ༨།༣༠ ཐོག་རྡ་ས་མེག་གྷན་གྱི་ལྷ་རྒྱལ་རིར་མྱ་ངན་གུས་འདུད་ཀྱི་མཛད་སྒོ་གྲོལ་རྗེས་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་འདུག
དེ་ཡང་ཁོང་མ་གྲོངས་གོང་སྨན་ཁང་ནས་ཁོང་གིས་རང་ལུས་མེར་སྲེག་བཏང་དགོས་དོན་ནི། ཕྱི་ལོ་ ༡༩༥༩ ལོར་རྒྱ་མིས་བོད་ལ་དབང་བསྒྱུར་བྱས་པར་བརྟེན་བོད་མི་གཞིས་བྱེས་གཉིས་སུ་གྱེས་ནས་རྒྱ་གར་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོའི་ནང་བྲོས་བྱོལ་དུ་ཕེབས་དགོས་བྱུང་བར་བརྟེན་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་དམ་པ་ཁོང་གིས་ཕ་མ་གཉིས་བློས་བཏང་ནས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་བ་མ་ཟད། ཞལ་ཆེམས་ནང་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པ་དང་། བོད་རང་བཙན་མྱུར་དུ་ཐོབ་པའི་སྨོན་འདུན་ཡང་ཞུས་མཐར་བོད་རྒྱལ་ལོ་ཞེས་བསྒྲགས་འདུག །