༢༠༡༦ ཟླ་ ༣ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༤ ཉིན་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༤ ཉིན་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༡ པའི་ཉིན་བཞི་པའི་སྐབས་ཨོ་རི་ས་ཕུན་ཚོགས་གླིང་ས་གནས་ལྷ་མོའི་ཚོགས་པ་ནས་ལྷ་གཞུང་གཟུགས་ཀྱི་ཉི་མ་གཟིགས་འབུལ་ཞུ་རྒྱུ་ཡིན་ཡང་། ཡིད་སྐྱོའི་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ཟླ་ ༢ ཚེས་ ༢༩ ཉིན་མ་སུ་རི་བོད་ཁྱིམ་གྱི་སློབ་མ་རྡོ་རྗེ་ཚེ་རིང་ལགས་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེར་སྲེག་གནང་རྗེས་ཟླ་ ༣ ཚེས་ ༣ ཉིན་གྱི་ཕྱི་དྲོར་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་བཞིན་ཟླ་ ༢ ཚེས་ ༢༩ ཉིན་བོད་ནང་ཁམས་དཀར་མཛེས་ཁུལ་རི་མཚོ་ཁ་ཨརྱ་གླིང་དགོན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་གནང་རྗེས་འདས་གྲོངས་སུ་གྱུར་བར་བརྟེན། བོད་ཀྱི་ཟློས་གར་ཚོགས་པ་དང་། བོད་ཀྱི་ཨ་ལྕེ་ལྷ་མོ་ཚོགས་པ་ནས་རྒྱལ་གཅེས་པ་ཁོང་རྣམ་གཉིས་ལ་གདུང་སེམས་མཉམ་སྐྱེ་ཞུ་སླད་ཉིན་གཅིག་རིང་ལྷ་མོའི་འཁྲབ་སྟོན་མཚམས་འཇོག་གནང་སྟེ་ཚོགས་མི་ཡོངས་ཀྱིས་མང་ཚོགས་དང་ལྷན་སྨོོན་ལམ་གསུང་འདོན་གནང་ཡོད་པ་བཅས།།