༢༠༡༦ ཟླ་ ༣ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༠ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འཇར་མན་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ Mr. Thomas Mann མཆོག་གིས་ཕྱི་ལོ་ ༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་སྐབས་རྒྱ་མིའི་དམག་མིས་ཉེས་མེད་ཀྱི་བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་བའི་དུས་དྲན་ཐེངས་ ༥༧ ཐོག་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད།
དེ་ཡང་སྐུ་ཞབས་ཐོ་མ་སི་མན་མཆོག་གིས་གསུང་དོན། དེང་སྐབས་བོད་ནང་དུ་དམ་བསྒྲགས་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་དེར་ང་ཚོ་ཧ་ཅང་བློ་ཕམ་འདུག འདི་ལོ་སླར་ཡང་བོད་མིའི་རང་དབང་སྒེར་ལངས་མ་བསླེབས་གོང་ཙམ་ནས་བོད་རང་སྐྱོང་ལྗོངས་ཁུལ་དུ་ཟླ་བ་གསུམ་པའི་ཟླ་མཇུག་བར་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོར་འགྲོ་བསྐྱོད་མི་ཆོག་པར་སྒོ་བརྒྱབ་ཡོད། རྒྱ་ནག་གཞུང་གིས་བོད་ནང་དུ་འཛམ་གླིང་ཕྱི་ནས་མི་ཡོང་མ་བཅུག་པར་སྒོ་བརྒྱབ་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་སྦྲགས། རྒྱ་ནག་དཔོན་རིགས་ཚོས་བོད་རང་སྐྱོང་ལྗོངས་ཁུལ་དུ་ཕྱི་མི་འགྲོ་བསྐྱོད་བཅུག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་བོད་ནང་དུ་སྐལ་བཟང་དབང་འདུས་ལགས་དང་རྒྱ་གར་ནང་རྡོ་རྗེ་ཚེ་རིང་ལགས་རྣམ་གཉིས་ཀྱིས་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་བར་བརྟེན། ང་ཚོས་དམ་པ་ཁོང་གཉིས་ཀྱི་ཕ་མ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། དེང་སྐབས་རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་གྱི་ཁྲིམས་སྒྲིག་གསར་པ་གཏན་འབེབས་བྱས་པ་དེར་སེམས་འཚབ་ཧ་ཅང་ཡོང་བཞིན་འདུག ཁྲིམས་སྒྲིག་གསར་པ་འདི་འདི་ལོའི་ལོ་འགོ་ནས་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད། ཁྲིམས་སྒྲིག་འདི་བརྒྱུད་ནས་རྒྱ་ནག་གཞུང་གིས་སྨྲ་བརྗོད་དང་འདུ་འཛོམས། ཆོས་དད་རང་དབང་སོགས་ལ་རྒོལ་རྡུང་འཕར་མ་ཞིག་གཏོང་མི་ཡོང་ངམ་བསམས་པའི་སེམས་འཚབ་ཧ་ཅང་ཡོང་བཞིན་འདུག ཅེས་སོགས་གསུངས་ཡོད།
སྐུ་ཞབས་ཐོ་མ་སི་མན་མཆོག་གིས་གསུང་བཤད་གཟིགས་ཆེད་འདིར་གནོན།
དེ་བཞིན་གོང་ཚེས་ཉིན་སྦར་སིལ་ནང་རྟེན་གཞི་བྱས་པའི་ Schuman Square དུ་བྷེལ་འཇམ་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་རིག་གཞུང་བསྟི་གནས་ཁང་། ཆུ་བཞི་སྒང་དྲུག འཛམ་གླིང་བོད་མིའི་བདེན་དོན་དང་བླངས་ལས་འགུལ་ཁང་བཅས་ཐུན་མོང་གིས་གོ་སྒྲིག་འོག་བོད་མི་དང་ཡུ་རོབ་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༢༥༠ བརྒལ་བ་མཉམ་འཛོམས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ ༥༧ སྲུང་བརྩི་གཟབ་རྒྱས་ཞུས་ཡོད། སྐབས་དེར་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་ཞུ་སླད་ངག་བཅད་སྐར་མ་གཅིག་ཞུས། དེ་རྗེས་གོ་སྒྲིག་ཚོགས་ཆུང་རྣམ་པས་གསུང་བཤད་གནང་གྲུབ་མཚམས། སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་སྒྲོགས་སྦྱང་གནང་རྗེས། སྐུ་ཞབས་ཇོན་ནེ་སི་ཨུལ་ཀེ་ Mr. Johannes Ulke ལགས་ཀྱིས་སྐུ་ཞབས་ཐོ་མ་སི་མན་མཆོག་གི་གསུང་བཤད་སྒྲོགས་སྦྱང་དང་ལྕམ་མེ་ལ་ནི་བྷོ་ལོན་ཌེ་ལི་ Ms. Melanie Blondelle ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གསུང་བཤད་སྒྲོགས་སྦྱང་གནང་། དེ་རྗེས་མང་ཚོགས་རྣམས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བར་སྐད་འབོད་རྒྱག་བཞིན་རྔམ་སྟོན་གནང་ཡོད་པ་བཅས།།