༢༠༡༦ ཟླ་ ༣ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༤ རེས་གཟའ་ཕུར་བུའི་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག རྡ་ས་གཙོ་བོར་གྱུར་བའི་བཙན་བྱོལ་བོད་མིའི་འདུ་སྡོད་ཀྱི་གནས་ཡུལ་འདྲ་མིན་ཁག་ཏུ་ལས་རིགས་འདྲ་མིན་ཐོག་ནས་ཊི་བིའམ་གློ་ནད་སྐོར་གོ་རྟོགས་ལས་འགུལ་རྒྱ་ཆེ་སྤེལ་ཡོད། དེ་ཡང་ཉིན་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་ཡོངས་གྲགས་སྤེལ་བའི་གསུང་བཤད་ནང་འཁོད་དོན།
སྤྱི་ལོ་ ༡༨༨༢ ཟླ་ ༣ ཚེས་ ༢༤ ཉིན་སྐུ་ཞབས་རོ་སྦཊ་ཀོག་མཆོག་གིས་ཊི་བི་ཡི་ནད་གཞིའི་རྒྱུ་རྐྱེན་ཊི་བི་ནད་འབུ་tuberculosis bacillus ཡིན་པ་ཐོག་མར་ཤེས་རྟོགས་བྱུང་བས་དུས་དེ་ནས་བཟུང་ཉིན་མོ་དེ་རྗེས་དྲན་ཞུ་ཆེད་ལོ་ལྟར་སྤྱི་ཟླ་ ༣ ཚེས་ ༢༤ ཉིན་འཛམ་གླིང་ཁྱོན་ཡོངས་སུ་འཛམ་གླིང་ཊི་བི་ཉི་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། འདི་ལོའི་འཛམ་གླིང་ཊི་བི་ཉིན་མོའི་བརྗོད་གཞི་ནི་གཅིག་སྒྲིལ་གྱི་སྒོ་ནས་ཊི་བི་ཡི་ནད་གཞི་རྩ་མེད་གཏོང་དགོས། ཞེས་པ་དེ་ཡིན། འཛམ་གླིང་གི་ཊི་བི་ཉིན་མོ་ནི་ཊི་བི་རྐྱེན་པས་འབྱུང་བཞིན་པའི་དཀའ་ངལ་མང་དག་ཅིག་གི་ཐོག་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་ཤིག་ཆགས་ཡོད། ལོ་ལྟར་ཊི་བིའི་དོན་རྐྱེན་དང་འབྲེལ་བའི་ཆ་ནས་མི་ས་ཡ་ ༡༌༥ ཙམ་རྐྱེན་འདས་སུ་སོང་བཞིན་ཡོད་པས། ཊི་བི་ནི་འཛམ་གླིང་ཁྱོན་ཡོངས་སུ་མི་རྣམས་རྐྱེན་འདས་སུ་གཏོང་མཁན་གྱི་འགོས་ནད་གཙོ་ཆེ་ཤོས་ཤིག་ཆགས་ཡོད། ཊི་བི་དང་། གཉན་ནད་རེག་དུག་དང་འབྲེལ་བའི་ཊི་བི། ཨེམ་ཌི་ཨར་ཊི་བི་ (MDR-TB) བཅས་ནི་རྒྱལ་སྤྱིའི་འཕྲོད་བསྟེན་གྱི་བདེ་འཇགས་དང་འཕེལ་རྒྱས་ལ་འཇིགས་སྐུལ་གྱི་མཚོན་བྱེད་ཅིག་ཆགས་ཡོད།
ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༤ ཉིན་གྱི་འཛམ་གླིང་ཊི་བི་ཉིན་མོར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་སྲིད་གཞུང་དང་སྤྱི་སྒེར་གྱི་ཚོགས་སྡེ་ཀུན་གྱིས་གཅིག་སྒྲིལ་སྒོ་ནས་ཊི་བི་རྩ་མེད་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་ལྷན་ཚོགས་དེའི་མཉམ་སྦྲེལ་ཚོགས་པ་ཁག་གིས་ཊི་བི་ཡི་ནད་ཡམས་རྣམ་པ་གསར་པ་ཞིག་གི་སྒོ་ནས་རྩ་གཏོར་གཏོང་ཆེད་སྤྱི་སྒེར་གྱི་ཚོགས་པ་ཁག་གཅིག་ཏུ་སྒྲིལ་བའི་མཉམ་སྦྲེལ་གྱི་ལས་དོན་དང་བགྲོ་གླེང་གོང་མཐོར་གཏོང་བཞིན་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཁྱབ་སྤེལ་གཏོང་བཞིན་པའི་གཅིག་སྒྲིལ་གྱི་སྒོ་ནས་ཊི་བི་རྩ་མེད་གཏོང་དགོས་ཞེས་པའི་བརྗོད་གཞི་འདིའི་འོག་ཏུ་བརྗོད་གཞི་ཆུང་ཁག་བཞི་ཡོད། དེ་རྣམས་ནི་གཅིག་སྒྲིལ་གྱིས་ང་ཚོས་དབུལ་ཕོངས་ཀྱི་གནས་སྟངས་མེད་པ་བཟོས་ཏེ་ཊི་་བི་སྔོན་འགོག་བྱེད་ཐུབ། གཅིག་སྒྲིལ་གྱིས་ང་ཚོས་ནད་གཞི་བརྟག་དཔྱད་དང་། བཅོས་ཐབས། དྲག་སྐྱེད་བཅས་བཟང་བ་ཡོང་ཐུབ། གཅིག་སྒྲིལ་གྱིས་ང་ཚོས་དབྱེ་འབྱེད་དང་འཐེན་འཁྱེར་གྱི་བསམ་པ་རྩ་མེད་གཏོང་ཐུབ། གཅིག་སྒྲིལ་གྱིས་ང་ཚོས་ཞིབ་འཇུག་དང་གསར་གཏོད་ཀྱི་ཕྱོགས་སུ་བསྐྱོད་ཐུབ་ཞེས་པ་རྣམས་ཡིན་པ་རེད།
ཊི་བི་ནི་གཉན་ནད་རེག་དུག་གི་རིམ་པ་དང་དོ་མཉམ་པའི་འཛམ་གླིང་ཁྱོན་ཡོངས་སུ་སྐྱེ་བོ་ཀུན་རྐྱེན་འདས་སུ་གཏོང་མཁན་གཙོ་བོ་ཞིག་ཆགས་ཡོད། རྒྱལ་སྤྱི་ཁྱོན་ཡོངས་ཀྱི་ཆ་ནས་ ༢༠༡༤ ནང་སྐྱེ་བོ་ས་ཡ་ ༩༌༦ ལ་ནད་གཞི་འདི་ཕོག་ཡོད་པའི་ནང་ནས་སྐྱེ་བོ་ཕོ་མོ་རྒན་གཞོན་ས་ཡ་ ༡༌༥ འདས་གྲོངས་སུ་ཕྱིན་ཡོད་ཅིང། གཉན་ནད་རེག་དུག་ནད་འབུ་ལྡན་པའི་སྐྱེ་བོ་ས་ཡ་ ༡༌༢ ལ་ཊི་བི་འགོས་ཡོད་པ་རེད། ༢༠༡༤ ནང་ཊི་བི་ཡི་ནད་གཞི་གསར་པ་ས་ཡ་ ༩༌༦ ཐོན་པའི་ནང་ནས་བརྒྱ་ཆ་ ༥༨ ནི་ལྷོ་ཤར་ཨེ་ཤ་ཡ་དང་ནུབ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནས་ཡིན་ཞིང། བརྒྱ་ཆ་ ༢༨ ནི་ཨ་ཕི་རི་ཀའི་མངའ་ཁུལ་ནས་ཡིན་པ་རེད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཉེ་ཆར་འདོན་སྤེལ་ཞུས་པའི་སྙན་ཐོ་ཞིག་གི་ནང་རྒྱ་གར་ནི་འཛམ་གླིང་ནང་ཊི་བི་ནད་གཞིའི་གྲངས་ཚད་མཐོ་ཤོས་ལྡན་པའི་རིམ་པའི་ནང་བཅུག་ཡོད་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་འདོན་སྤེལ་ཞུས་པའི་ ༢༠༡༥ ལོའི་རྒྱལ་སྤྱིའི་ཊི་བི་སྙན་ཐོར་གཞིགས་ན་ ༢༠༡༤ ལོའི་ནང་རྒྱ་གར་དུ་ཊི་བི་ནད་གཞི་ས་ཡ་ ༢༌༢ བྱུང་ཡོད་པར་འཁོད་ཡོད་པས། དེ་ནི་འཛམ་གླིང་རྒྱལ་ཁབ་གཞན་ཀུན་ལས་མཐོ་བ་ཡིན་པ་རེད།
འདི་ག་དབུས་འཕྲོད་བསྟེན་ལས་ཁུངས་སུ་སྨན་ཁང་ཁག་བདུན་ནས་འབུལ་འབྱོར་བྱུང་བའི་གྲངས་ཐོ་ལ་གཞིགས་ན་ ༢༠༡༢ ནས་ ༢༠༡༤ བར་དུ་ཊི་བི་ཡི་ནད་གཞི་ ༡༡༦༨ བྱུང་ཡོད་པ་འཁོད་པའི་ནང་ནས་ ༧༥༩ (༦༤༌༩༨%) ནི་བུ་ཡིན་ཞིང། ༤༠༩ (༣༥༌༠༢%) ནི་བོུ་ཡིན་འདུག ཊི་བི་ནད་གཞི་ནི་ལོ་ ༡༥ ནས་ ༢༤ བར་ (༤༦༌༩༦%)གྱི་སྡེ་ཁག་ནང་གྲངས་ཚད་མཐོ་ཤོས་ཆགས་ཡོད་ཅིང། དེ་རྗེས་ལོ་ན་ ༢༥ ནས་ ༣༤ བར་གྱི་སྡེ་ཁག་འདི་ཆགས་ཡོད་པ་རེད། ལས་རིགས་ཀྱི་ཆ་ནས་བརྗོད་ན་ཊི་བི་ནད་གཞི་དེ་ནི་སློབ་ཕྲུག་(༣༨༌༡%)དང་དགེ་འདུན་པའི་(༢༡༌༢༣%)ཁྲོད་དུ་མང་ཤོས་ཆགས་ཡོད། ཊི་བི་ཡི་ནད་གཞི་གསར་དུ་བྱུང་ཡོད་པའི་ཁྲོད་དུ་ཨེམ་ཌི་ཨར་གྱི་ཊི་བི་ནད་གཞིའི་བརྒྱ་ཆ་ནི་བརྒྱ་ཆ་ ༣༌༦༣ ཡིན་ཞིང་། དེ་སྔོན་ཊི་བི་ཡི་ནད་གཞི་བཅོས་མྱོང་བའི་ཁྲོད་དུ་བརྒྱ་ཆ་ ༢༢༌༧༠ ཡིན་པ་རེད།
ཊི་བི་ནི་ Mycobacterium Tuberculosis ཞེས་པའི་ནད་འབུ་ཞིག་གི་རྐྱེན་པས་འབྱུང་བཞིན་ཡོད་ཅིང། ནད་འབུ་དེས་སྐབས་ཕལ་མོ་ཆེར་གློ་བར་གནོད་སྐྱོན་གཏོང་བཞིན་ཡོད། ཊི་བི་ནི་དུས་ཐོག་ཏུ་ཚུལ་མཐུན་གྱི་བརྟག་དཔྱད་དང་བཅོས་ཐབས་བསྟེན་ཚེ་སྔོན་འགོག་དང་བཅོས་ཐབས་ཡོད་པ་ཞིག་ཆགས་ཡོད། ཊི་བི་ནི་མཁའ་རླུང་བརྒྱུད་དེ་སྐྱེ་བོ་གཅིག་ནས་གཅིག་ཏུ་ཁྱབ་གདལ་དུ་འགྲོ་གི་ཡོད་པ་རེད། དེ་ནི་གློ་བའི་ཊི་བི་ཡི་ནད་གཞི་ཡོད་པའི་སྐྱེ་བོ་ཞིག་གི་གློ་བརྒྱབ་པ་དང། ཧབ་སྦྲིད་བརྒྱབ་པ། མཆིལ་ལུད་གཡུག་པ་སོགས་བྱེད་སྐབས་ཁོང་ཚོས་ཊི་བི་ནད་འབུ་དེ་མཁའ་རླུང་ནང་ཕྱིར་གཏོང་གི་ཡོད་པས། སྐྱེ་བོ་ཞིག་གིས་མཁའ་རླུང་བརྒྱུད་ནད་འབུ་དེ་ཉུང་ངུ་ཞིག་ལ་མ་རྔུབ་ནའང་ཊི་བི་ནད་གཞི་འགོས་ཀྱི་ཡོད། འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆའི་གསུམ་ཆ་གཅིག་ཙམ་ལ་མི་མངོན་པའི་ཊི་བི་ལྡན་ཡོད། དེའི་གོ་དོན་ནི་ཊི་བི་ཡི་ནད་འབུ་འགོས་ཡོད་ཀྱང་ཊི་བི་ཡི་ནད་གཞི་མངོན་དུ་འགྱུར་མེད་པས། ནད་གཞི་དེ་གཞན་ལ་འགོ་མི་ཐུབ་པའི་གནས་སྟངས་ལ་གོ་དགོས། ཊི་བི་ཡི་ནད་འབུ་འགོས་ཡོད་པའི་སྐྱེ་བོ་ཚོར་མི་ཚེའི་ནང་ཊི་བི་ཡི་ནད་གཞི་འཕོག་རྒྱུ་ཉེན་ཁ་བརྒྱ་ཆ་ ༡༠ ཙམ་ཡོད་པ་རེད། འོན་ཀྱང་ཟུངས་འགོག་མ་ལག་ཉམས་སྐྱོན་བྱུང་ཡོད་པའི་སྐྱེ་བོ། དཔེར་ན། གཉན་ནད་རེག་དུག་ནད་འབུ་ལྡན་ཡོད་པའི་སྐྱེ་བོ་དང། ཟས་བཅུད་མ་འདང་བའི་སྐྱེ་བོ། གཅིན་སྙི་ཟ་ཁུའི་ནད་གཞི་ལྡན་པའི་སྐྱེ་བོ། ཡང་ན་རྡོ་ཐའི་རིགས་སྤྱོད་མཁན་གྱི་སྐྱེ་བོ་སོགས་ལ་ཊི་བི་ནད་གཞི་འཕོག་རྒྱུའི་ཉེན་ཁ་ཆེ་བ་ཡོད་པ་རེད། སྐྱེ་བོ་ཞིག་ལ་ཊི་བི་ཡི་ནད་གཞི་མངོན་འགྱུར་བ་འཕོག་སྐབས་ཐོག་མའི་ཟླ་བ་འགའ་ཞིག་གི་རིང་གློ་བརྒྱབ་པ་དང། ཚ་བ་བརྒྱབ་པ། དགོང་མོ་རྔུལ་ནག་ཐོན་པ། ལུས་ཀྱི་ལྗིད་ཚད་ཆག་པ་སོགས་པའི་ནད་རྟགས་ཅུང་ཟད་ཅིག་ལས་ཐོན་མི་སྲིད་པས། དེས་རྐྱེན་པས་བཅོས་ཐབས་བསྟེན་རྒྱུར་དོ་སྣང་མ་བྱས་ནས་དུས་འགྱངས་བྱུང་སྟེ་ནད་འབུ་འདི་སྐྱེ་བོ་གཞན་གྱི་ཁྲོད་དུ་ཁྱབ་གདལ་དུ་འགྲོ་བའི་རྒྱུ་རྐྱེན་བཟོ་གི་ཡོད།
འདི་ག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་ནས་ཊི་བི་འགོག་སྡོམ་གྱི་ལས་འཆར་དེ་ཉིད་འགོ་ཚུགས་པ་ནས་བཟུང་ཚོགས་སྡེ་ཁག་ནང་ཊི་བི་སྔོན་འགོག་དང་སྟངས་འཛིན་ཞུ་ཕྱོགས་ཐད་འབད་བརྩོན་ཤུགས་དྲག་བྱེད་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་རྒྱབ་གཉེར་ཞུས་པ་བཞིན་འདི་ག་ལས་ཁུངས་ཀྱི་ཊི་བི་འགོག་སྡོམ་གྱི་ལས་འཆར་དེ་ནི་ཐད་ཀར་རྟོག་ཞིབ་ཀྱིས་དུས་ཐུང་བཅོས་ཐབས་ (DOTS) ཀྱི་ལམ་སྟོན་འོག་ཤར་སྐྱོད་བྱེད་བཞིན་ཡོད། སྨན་ཁང་དང་འཕྲོད་བསྟེན་ཚན་པ་ཆེ་ཁག་འགའ་ཞིག་གི་ནང་གཞི་རྩའི་ནད་ངོ་བརྟག་ཐབས་ཀྱི་མཐུན་རྐྱེན། དཔེར་ན། གློག་པར་འཕྲུལ་ཆས་དང་སྨན་དཔྱད་ཁང་སོགས་པ་སྦྱར་ཡོད་པའི་སྟེང་དུ་ད་དུང་སྦེལ་ཀོབ་འཚོ་བྱེད་སྨན་ཁང་དང་། མོན་གྷོ་འདོད་རྒུ་གླིང་གི་སྨན་ཁང། ཀོ་ལེ་གྷལ་གྱི་དོན་ལྡན་གླིང་སྨན་ཁང། དེ་བཞིན་བདེ་སྐྱིད་གླིང་གཞིས་ཆགས་ཀྱི་ས་གནས་བོད་མིའི་འཕྲོད་བསྟེན་སྨན་ཁང་བཅས་སུ་ཀམ་པུ་ཊར་དུ་འཇུག་པའི་གློག་པར་མ་ལག་( CR Systems )གི་མཐུན་རྐྱེན་སྦྱར་ཏེ་ཊི་བི་ཡི་ནད་ངོ་བརྟག་ཐབས་ཡང་དག་པ་ཞིག་ཡོང་ཐབས་བྱས་ཡོད། དེས་མ་ཟད་ཨེམ་ཌི་ཨར་ (MDR-TB) ཊི་བི་ནད་གཞི་སྔོན་ཚུད་ནས་ནད་ངོ་འཕྲོད་དེ་ཕན་ནུས་ལྡན་པའི་བཅོས་ཐབས་ཤིག་ཡོང་ཆེད་སྦེལ་ཀོབ་འཚོ་བྱེད་སྨན་ཁང་དང་། མོན་གྷོ་འདོད་རྒུ་གླིང་གི་(DTR) སྨན་ཁང། བདེ་སྐྱིད་གླིང་གཞིས་ཆགས་ཀྱི་ས་གནས་བོད་མིའི་འཕྲོད་བསྟེན་སྨན་ཁང་བཅས་སུ་ Gene X-pert/ CBNAAT ཡི་མ་ལག་ཞེས་པའི་ནད་གཞི་བརྟག་དཔྱད་མ་ལག་གི་མཐུན་རྐྱེན་ཡང་སྦྱར་ཡོད། དེ་བཞིན་འདི་ག་ལས་ཁུངས་ནས་འཆར་ལ་ཉེ་བའི་འབྱུང་འགྱུར་ནང་མེའོ་དང་མན་སྤར་ས་གནས་སུ་ཡོད་པའི་བོད་མིའི་ས་གནས་འཕྲོད་བསྟེན་སྨན་ཁང་དང། ཧོན་སུར་ས་གནས་སུ་ཡོད་པའི་ཕན་བདེ་སྨན་ཁང་དུ་གློག་པར་འཕྲུལ་ཆས་གསར་པ་ཞིག་འཛུགས་འཆར་ཡོད། འདུས་ཚོགས་ཆེ་བའི་ཚོགས་སྡེ་དཔེར་ན། སློབ་གྲྭ་དང་དགོན་སྡེ་ཁག དེ་བཞིན་མང་ཚོགས་སྤྱི་ཡོངས་ཀྱི་ཁྲོད་དུ་ཊི་བི་ཐོག་གོ་རྟོགས་དང་ནད་གཞི་འཚོལ་ཞིབ་ཀྱི་ལས་དོན་སྤེལ་ཏེ་ཊི་བི་ཁྱབ་གདལ་འགྲོ་རྒྱུར་སྔོན་འགོག་ཞུ་ཐབས་བྱས་ཡོད། ཊི་བི་ཡི་སྨན་ནི་རྒྱ་གར་གྱི་གཞུང་གཉེར་སྨན་ཁང་ཁག་ནང་རིན་མེད་ཐོག་འབུལ་བཞིན་ཡོད་པ་རེད་ལ། འདི་ག་ལྷན་ཁང་གི་འོག་ཏུ་ཡོད་པའི་སྨན་ཁང་ཁག་གི་ནང་དུའང་ནད་པ་རྣམས་ལ་སྨན་རིན་མེད་དུའམ། ཡང་ན་འགའ་ཞིག་ལ་སྨན་གྱི་རིན་གོང་གཅོག་འཕྲི་བྱས་ཏེ་མཁོ་སྤྲོད་བྱེད་བཞིན་ཡོད།
མང་ཚོགས་ཁྲོད་དུ་ནད་ཡམས་དང་འབྲེལ་བའི་ནད་གཞིའི་སྐོར་ལ་གོ་རྟོགས་གོང་སྤེལ་གྱི་ལས་འགུལ་སྣ་ཚོགས་ཤིག་གོ་སྒྲིག་ཞུས་དང་ཞུ་མུས་ཡིན་པས་ངོས་ནས་སློབ་ཕྲུག་དང་འཕྲོད་བསྟེན་ལས་བྱེད་པ་ཚོས་གོང་གསལ་ཊི་བི་ཉིན་མོ་དང་འབྲེལ་བའི་དྲ་རྒྱའི་ལམ་ནས་རྒྱལ་ཡོངས་ཊི་བིའི་འདྲི་རྩད་འགྲན་སྡུར་ནང་མཉམ་ཞུགས་གནང་རོགས་འབོད་སྐུལ་ཞུ་རྒྱུ་ཡིན། ཊི་བི་དང་འབྲེལ་བའི་དྲ་རྒྱའི་གོ་རྟོགས་ལས་འགུལ་དེ་ཊི་བི་བཀག་འགོག་རྒྱབ་སྐྱོར་བྱེད་མཁན་གཞུང་འབྲེལ་མིན་པའི་ཚོགས་སྡེ་མང་པོ་ཞིག་ནས་འགོ་བརྩམས་པ་ཞིག་ཡིན། ངོ་སྤྲོད་དང་ལམ་སྟོན་དགོས་ཚེ་དྲ་ཚིགས་ཁ་བྱང་ www.tbfreeindia.com ཞེས་པར་ཕེབས་གནང་ཡོང་བ་ཞུ།
མདོ་དོན་དུ་ཚོགས་སྡེ་ཁག་ནང་ཊི་བི་ཡི་གནས་སྟངས་ལ་བཟང་ཕྱོགས་ཀྱི་རྣམ་པ་ཤུགས་ཆེ་ཞིག་ཐོན་ཡོད་ནའང་བོད་མིའི་ཚོགས་སྡེ་ཁག་ནང་ཊི་བི་ནི་ད་དུའང་འཕྲོད་བསྟེན་གྱི་དོ་ཁུར་ཆེ་ཤོས་བྱ་ཡུལ་ཞིག་ཏུ་གནས་ཡོད། དེར་བརྟེན་ངོས་ནས་གཞུང་སྒེར་ཅི་རིགས་ཀྱི་ཚོགས་སྡེ་ཁག་དང་འཕྲོད་བསྟེན་ལས་བྱེད། དེ་བཞིན་མང་ཚོགས་དཀྱུས་མ་བཅས་ཚང་མས་ང་ཚོའི་སྤྱི་ཚོགས་ནང་ཊི་བི་ཡི་ནད་གཞི་མེད་པ་བཟོ་ཕྱོགས་ཐད་ཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་རང་ནུས་ཡོད་དོ་ཅོག་སྤུངས་ཏེ་བོད་མིའི་སྤྱི་ཚོགས་འདི་ཊི་བི་ཡི་ནད་གཞི་དང་བྲལ་བའི་ཚོགས་སྡེ་ཞིག་ཏུ་བསྐྲུན་རྒྱུར་ང་ཚོ་ཚང་མས་དམ་བཅའ་བསྐྱར་དུ་འཇོག་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་བཅས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༤ ལ།།