༢༠༡༦ ཟླ་ ༣ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །དེ་སྔ་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་རྒན་གཞོན་ཕོ་མོ་དབྱེར་མེད་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་དམར་གཞུང་གིས་བོད་ས་བཙན་འཛུལ་བྱས་ནས་བོད་མིའི་ཆོས་དང་རིག་གཞུང་སོགས་ལ་ཉིན་རེ་བཞིན་སྣང་ཆུང་ཁྱད་གསོད་དང་བོད་མིའི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༸རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་ལ་མཐོ་འཚམ་པའི་གཡོ་བྱུས་སྣ་ཚོགས་བཏིངས་པའི་བྱ་སྤྱོད་ལ་བཟོད་ཐབས་བྲལ་མཐར་ལྷ་སར་ཞི་བའི་སྒེར་ལངས་ཆེན་མོ་བྱུང་བ་ནས་བཟུང་ད་བར་ལོ་ངོ་ ༥༧ འགྲོ་བཞིན་ཡོད། དེར་བརྟེན་གོང་ཚེས་ཉིན་འཛམ་གླིང་ཡུལ་གྲུ་གང་སར་བོད་དོན་ལས་འགུལ་སྤེལ་འདུག
མོ་སི་ཁོའི་ནང་།
ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༠ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་བོད་དོན་རྒྱབ་སྐྱོར་བ་དང་བོད་མིར་སེམས་ཐག་ཉེ་བའི་གྲོགས་པོ་རྒན་གཞོན་ཕོ་མོ་མི་གྲངས་ ༢༠༠ ཙམ་གྱིས་གོང་ཚེས་ཉིན་ཚོགས་ཁང་ཞིག་ཏུ་ལྷན་འཛོམས་ཐོག སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་སྐབས་ལོ་རྒྱུས་ཐོག་དེ་སྔ་བོད་དང་ཨུ་རུ་སུ་གཉིས་འབྲེལ་བ་དམ་ཟབ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། མཆོད་མེ་ཞལ་ཕྱེའི་ལམ་ནས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེ་ཞུས་འདུག སྐབས་དེར་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་སླད་ལག་དེབ་སྔོན་པོ་བཟོ་མཁན་ཁག་གཅིག་བྱུང་འདུག
པེ་རི་སི།
ཕྱོགས་མཚུངས་ཕ་རན་སིའི་རྒྱལ་ས་པེ་རི་སིར་རྟེན་གཞི་བྱས་པའི་ལོ་རྒྱུས་རང་བཞིན་གྱི་ཊོ་ཁེ་ཌི་རོ་ཐང་ཆེན་ Trocadero Square དུ་པེ་རི་སིར་གནས་སྡོད་ཕ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས། ཆུ་བཞི་སྒང་དྲུག་བཅས་ཀྱི་ཚོགས་པས་གོ་སྒྲིག་གནང་ཐོག་པེ་རི་སི་མངའ་ཁུལ་གྱི་བོད་མི་གྲངས་ ༤༠༠ ཙམ་མཉམ་འཛོམས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ ༥༧ སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་ཡང་མཛད་སྒོའི་ཐོག་མར་ཕ་རན་སི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ ༥༧ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་བཤད་སྒྲོགས་སྦྱང་གནང་རྗེས་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ཨན་དེ་རེ་གྷ་ཏོ་ལིན་ Mr. Andre Gattolin མཆོག་གིས་ཕ་རན་སིའི་གྲོས་ཚོགས་ནང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།
དུས་དྲན་གྱི་མཛད་སྒོ་གྲུབ་རྗེས་བོད་མིས་གཙོས་བོད་དོན་རྒྱབ་སྐྱོར་བ་རྣམས་རྒྱ་ནག་གི་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་གནང་ཡོད། ཉིན་དེའི་སྔ་དྲོར་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་སླད་ཐོག་མར་པེ་རི་སི་རྫོང་གི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཇེཀ་ཁུ་ཡི་བོ་ཧོ་ཌལ་ Jacques Boutault ལགས་ཀྱིས་རྒྱལ་ས་པེ་རི་སིའི་ཚོམས་ཆེན་གྱི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བ་དང་སྦྲགས་གསུང་བཤད་གནང་བའི་ནང་། ཡུ་རོབ་དང་ཕ་རན་སིའི་ནང་སྣོད་བཅུད་དཔྱད་ཞིབ་པ་མི་སྣ་ཁག་གཅིག་གིས་བོད་མི་རྣམས་རང་ཉིད་ཀྱི་རང་དབང་དང་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་སོགས་ཀྱི་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཡོད། ཅེས་དང་། དེ་བཞིན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་སྣེ་ཁྲིད་པའི་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་གནང་བར་ང་ཚོས་རྒྱབ་སྐྱོར་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། ཕྱོགས་མཚུངས་པེ་རི་སིའི་རྫོང་ཁག་བཅུ་གཅིག་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༦༠༠ ཙམ་གྱིས་གོང་ལྟར་རྒྱལ་དར་སྒྲེང་འཛུགས་དང་སྦྲགས་གསུམ་བཅུའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
ཊོག་ཡོ།
གཞན་ཡང་ཉི་ཧོང་གི་རྒྱལ་ས་ཊོག་ཡོའི་ Tokyo ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཕྱི་ཟླ་ ༣ ཚེས་ ༦ ཉིན་ཤི་བྷུ་ཡ་མི་ཡ་ཤི་ཏ་ཀོན་གྱི་སྐྱེད་མོས་ཚལ་ Shibuya Miyahsita Koen དུ་འདུ་འཛོམས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ ༥༧ སྲུང་བརྩི་གཟབ་རྒྱས་ཞུས་འདུག མཛད་སྒོ་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཉི་ཧོང་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཁྱོན་མི་གྲངས་ ༨༠ ཙམ་གྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་སོགས་འཁྱེར་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་འདུག སྐབས་དེར་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་ད་ལྟའི་བོད་ནང་ཛ་དྲག་གནས་སྟངས་སྤྱི་དང་ལྷག་པར། རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་པའི་སྐོར་གསུངས་པ་མ་ཟད། ཉི་ཧོང་གིས་གཙོས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། ཁོར་ཡུག་དང་བཅས་པ་ཆགས་འཇིག་གི་སྐབས་འདིར་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག གཞན་ཡང་སྐབས་དེར་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་མ་ཀི་ནོ་སེན་སའི་ Mr Makino Sensei མཆོག་གིས་གསུང་བཤད་གནང་། ཕྱོགས་མཚུངས་ཉི་ཧོང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཚེ་རིང་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་།
ཀེན་བྷེ་ར།
ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༠ ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཀེན་བྷེ་རར་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་གནང་སྟེ་གསུམ་བཅུའི་དུས་དྲན་ཐེངས་ ༥༧ པ་སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་ཡང་གོང་ཚེས་ཉིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་འདུ་འཛོམས་ཀྱིས་ཀེན་བྷེ་རར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་མདུན་དུ་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེར་ངོ་རྒོལ་བྱས་འདུག ཨོ་སི་ཊོ་ལི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་ཨེ་ལེག་སེ་བུ་རུ་སུ་ Alex Bruce ལགས་ཀྱིས་ཁྲིམས་ཐོག་ནས་བོད་དེ་རྒྱ་ནག་གིས་ཁྲིམས་འགལ་ཐོག་བཙན་བཟུང་བྱས་པ་ཞིག་ཡིན་སྐོར་སོགས་ཀྱི་གསུང་བཤད་གྲུབ་རྗེས་མི་མང་རྣམས་ཀྱིས་ག་རི་མ་ཞེས་པའི་བསྟི་གནས་ཁང་ Garema Place དེའི་དབར་གོམ་བགྲོད་གནང་ཡོད། ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ ༥༧ ཐོག་སྲེིད་སྐྱོང་མཆོག་གི་གཏམ་བཤད་སྒྲོགས་སྦྱང་གནང་བ་དང་། ཐེངས་འདིའི་དུས་དྲན་གྱི་མཛད་སྒོའི་ཐོག་ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་ལྕམ་སྐུ་ཁིར་སི་ཊི་ན་ཧོབ་སེ་ Christina Hobbs ལགས་དང་། སྐུ་ཞབས་མེཀ་ཀོ་མས་ཀྲ་ལོར་ལགས། McComas Taylor སྐུ་ཞབས་ཨེ་ལ་སེ་ཌག་ལི་ཤི་ Alice Dagleish ལགས་བཅས་ཀྱིས་བོད་ཀྱི་གནད་དོན་ཐོག་གསུང་བཤད་གནང་ཡོད། དེ་བཞིན་མི་མང་རྣམས་ལ་བོད་ཀྱི་ཆབ་སྲིད་བཙོན་པ་ཟླ་སྒྲོན་ལགས་དང་པདྨ་དཔལ་མོ་ལགས་གཉིས་ཀྱིས་བཙོན་ཁང་ནང་དཀའ་སྡུག་ཇི་མྱངས་པའི་སྐོར་འགྲེལ་བརྗོད་གནང་འདུག མཐར་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་མར་མེའི་ཁྲོམ་སྐོར་ཞིག་ཀྱང་གནང་འདུག་པ་བཅས། །