༢༠༡༦ ཟླ་ ༣ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་གྱི་ཁྱབ་ཁོངས་ཧར་པ་པུར་འདོད་རྒུ་གཡུ་རྒྱལ་གླིང་གཞིས་ཆགས་ཀྱི་རྒས་གསོ་ཁང་གི་ཉེ་འཁྲིས་སུ་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ཀྱིས། རང་ལུས་མེར་སྲེག་བཏང་བར་བརྟེན་ད་ལྟ་ལྡི་ལིའི་སབ་དར་ཇངྒ་ (Safdarjung hospital) སྨན་ཁང་ནང་མྱུར་སྐྱོབ་བྱེད་བཞིན་ཡོད་ཀྱང་གཟུགས་པོའི་བརྒྱ་ཆ་ ༩༥ ཙམ་མེས་ཚིག་ཟིན་ཡོད་འདུག
ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་སྨན་ཁང་དེར་ཕེབས་ནས་སློབ་མ་ཁོང་ལ་ནད་གསོའི་ཐུག་འཕྲད་གནང་བ་མ་ཟད། ཁོང་གི་ཕ་མ་རྣམས་ལ་སེམས་གསོ་དང་སྦྲགས། མཐུན་འགྱུར་ཇི་འདྲ་ཞིག་སྦྱོར་དགོས་ཀྱང་བོད་མིའི་སྒྲིག་འཛུགས་ངོས་ནས་གནང་རྒྱུ་ཡིན་སྐོར་གསུངས། སྤྱིར་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཤེས་ཡོན་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་རྒན་པ་གཅིག་བཅས་སྨན་ཁང་དུ་རྡོ་རྗེ་ཚེ་རིང་ལགས་ཐུག་འཕྲད་ཆེད་ཕེབས་འདུག
དེ་ཡང་ཁོང་གིས་སྨན་ཁང་དུ་རང་ལུས་མེར་སྲེག་བཏང་དགོས་དོན་སྐོར་གསུང་དོན། ངས་ཕ་མ་གཉིས་བློས་བཏང་སྟེ་བོད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་ཡིན། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པ་དང་། བོད་རང་བཙན་མྱུར་ཏུ་འཐོབ་པའི་སྨོན་ལམ་ཡོད། བོད་རྒྱལ་ལོ། ཞེས་གསུངས།
སྤྱིར་རྡོ་རྗེ་ཚེ་རིང་ལགས་མ་ནཱ་ལི་ནས་ཡིན་འདུག་པ་དང་ད་ལྟ་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པའི་ནང་སློབ་གཉེར་གནང་མུས་ཡིན་འདུག ཁོང་གི་ཕ་ཐུབ་བསྟན་ནི་དགུང་ལོ་ ༦༦ ཙམ་དང་། མ་ཉི་མ་དབྱངས་འཛོམས་ནི་དགུང་ལོ་ ༥༩ ཡིན་འདུག ཁོང་གཉིས་ལ་བུ་གསུམ་དང་བུ་མོ་གཉིས་ཡོད་པའི་ནང་ནས་རྡོ་རྗེ་ཚེ་རིང་ལགས་ཆུང་ཤོས་དེ་ཡིན་འདུག །