༢༠༡༦ ཟླ་ ༣ ཚེས་ ༢༢ ་རེས་གཟའ་མིག་དམར།
༄༅། །མཆོག་ཏུ་བཀུར་བར་འོས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦་་༡༧ ལོའི་སྔོན་རྩིས་འཆར་འབུལ་གྲོས་ཚོགས་སུ་སྙན་སྒྲོན་ཞུ་རྒྱུ་ཡིན། གྲོས་ཚོགས་སུ་སྔོན་རྩིས་འཆར་འབུལ་གྱིས་གཏན་འབེབས་གནང་རྒྱུའི་ལས་རིམ་འདི་མང་གཙོའི་སྲིད་དབང་གི་ལམ་ལུགས་གལ་གནད་ཆེ་བ་ཞིག་ཆགས་ཡོད། རང་རེའི་གནས་བབ་ལ་ཆ་མཚོན་ནའང་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རེའི་ཡོང་འབབ་དང་འགྲོ་གྲོན་ཡོངས་རྫོགས་ལོ་འཁོར་སྔོན་རྩིས་ཀྱི་ལམ་ནས་གྲོས་ཚོགས་ཀྱི་གཏན་འབེབས་ཆེད་འགོད་འབུལ་ཞུ་རྒྱུ་བཀའ་ཤག་གི་ལས་འགན་གལ་ཆེ་ཞིག་ཡིན་པ་ལྟར་སྔོན་རྩིས་སུ་བོད་དོན་བདཻན་མཐའ་གསལ་ཐབས་ཀྱིས་གཙོས་མང་ཚོགས་ཀྱི་བདེ་དོན་ལྟ་སྐྱོང་དང༌། སྐབས་བབས་ཀྱི་གལ་ཆེའི་ལས་དོན་འཆར་སྒྲིག དེ་བཞིན་རྒྱུན་ལྡན་འཛིན་སྐྱོང་བཅས་ཀྱི་འགྲོ་གྲོན་དང་དེའི་ཡོང་འབབ་ཁ་གསལ་དང་ཞིབ་ཚགས་གང་ཐུབ་འགོད་འབུལ་ཞུས་ཡོད། གྲོས་ཚོགས་ནས་ཀྱང་དེར་ཐུགས་ཞིབ་ཀྱིས་དགོས་དངུལ་གཏན་འབེབས་དང་ཆབས་ཅིག་འཕྲལ་ཕུགས་ཀྱི་དཔལ་འབྱོར་གནས་བབ་སྲ་བརྟན་ཡོང་ཐབས་ལ་དགོངས་བཞེས་ལམ་སྟོན་གནང་རྒྱུ་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་ལ་མཁོ་བའི་ལས་རིམ་ཞིག་ཆགས་ཡོད།
དཔལ་ལྡན་ཚོགས་གཙོ་མཆོག ད་རེས་ཀྱི་སྔོན་རྩིས་འདི་བཀའ་ཤག་སྐབས་བཅུ་བཞི་པའི་སྔོན་རྩིས་མཐའ་མ་དེ་ཆགས་ཀྱི་ཡོད་པ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གནས་བབ་སྐོར་སྙན་སྒྲོན་རྒྱས་ཙམ་ཞུ་རྒྱུ་ཡིན། སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་གྱི་གནས་བབ་བཙན་བྱོལ་བའི་གནས་སྟངས་ལ་གཞིགས་པའི་མི་དམན་ཙམ་ཆགས་ཡོད། དེ་ཡང་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང༌། སྐབས་དུས་ཆབ་སྲིེད་ཀྱི་འགོ་འཁྲིད་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཐུགས་འཁུར་འོག་བཀའ་བློན་རྣམ་པ་དང༌། ལས་ཁུངས་སོ་སོའི་དྲུང་ཆེ་ཆུང་གིས་དབུས་ལས་བྱེད་རྣམ་པའི་ཕྱར་གྲུ་མཉམ་འདེགས། དེ་བཞིན་གྲོས་ལ་དབང་བའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་དབུས་བཀུར་འོས་སྤྱི་འཐུས་རྣམ་པས་སྐབས་དུས་ཀྱི་ལམ་སྟོན་བཅས་ལས་བྱུང་བ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། ད་དུང་ཡར་རྒྱས་འགྲོ་ཐབས་སུ་འབད་བརྩོན་མུ་མཐུད་དགོས་རྒྱུ་བརྗོད་མ་དགོས་པ་ཡིན།
༡་༠ བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ།
༡་༡ གཏན་འཇགས་མ་དངུལ།
རང་རེའི་སྒྲིག་འཛུགས་འདི་བཙན་བྱོལ་བའི་གནས་བབ་ཀྱི་སྒྲིག་འཛུགས་ཤིག་ཡིན་པ་མ་ཟད་གཙོ་ཆེ་རྩ་དོན་འཐབ་རྩོད་དང་འབྲེལ་བའི་སྒྲིག་འཛུགས་ཤིག་ཡིན་པར་སོང་མ་མཐར་ཡང་རྒྱུན་ལྡན་འཛིན་སྐྱོང་འགྲོ་གྲོན་གཞན་བརྟེན་མ་ཡིན་པར་གང་ཐུབ་ཀྱི་རང་ཁ་རང་གསོ་དགོས་རྒྱུ་གལ་གནད་ཆེ་བ་ཆགས་ཡོད། སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་གཞན་དབང་སྟབས་བསྟུན་ཁོ་ན་མ་ཡིན་པར་རིམ་པས་རང་ཁ་རང་གསོ་ཡོང་ཐབས་སུ་གཏན་འཇགས་མ་དངུལ་གསོག་འཇོག་གི་ལས་དོན་འགྲོ་མུས་ལྟར་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༡ ཉིན་གཏན་འཇགས་མ་དངུལ་སྒོར་ས་ཡ་ ༢༢༤་༠༤ བྱེད་ཀྱི་ཡོད་པའི་ཐོག་འདི་ལོ་མ་དངུལ་གསར་དུ་བྱུང་བ་སྒོར་ས་ཡ་ ༡༢་༢༥ བསྣན་པས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༣༡ ཉིན་གྱི་གཏན་འཇགས་མ་དངུལ་སྒོར་ས་ཡ་ ༢༣༦་༢༩ བྱེད་ཀྱི་ཡོད། མ་དངུལ་འདིའི་འདས་ལོ་ལྔའྀ་གནས་སྟངས་བཤམ་གསལ་ལྟར་བྱས་ཡོད།
རྩིས་ལོ། | མ་དངུལ་སྒོར་ས་ཡ། | འཕར་འབབ་སྒོར་ས་ཡ། |
༢༠༡༡་་༡༢ | ༡༨༧་༠༧ | |
༢༠༡༢་་༡༣ | ༢༠༡་༤༣ | ༡༤་༣༦ |
༢༠༡༣་་༡༤ | ༢༠༨་༥༦ | ༧་༡༣ |
༢༠༡༤་་༡༥ | ༢༢༤་༠༤ | ༡༥་༤༨ |
༢༠༡༥་་༡༦ | ༢༣༦་༢༩ ༼༢༠༡༦།༡།༣༡ བར།༽ | ༡༢་༢༥ |
དེ་བཞིན་ཆོས་རིག་ལས་ཁུངས་སུ་གཏན་འཇགས་མ་དངུལ་སྒོར་ས་ཡ་ ༢༠་༠༠ དང༌། ནང་སྲིད་ལས་ཁུངས་སུ་སྒོར་ས་ཡ་ ༦༥་༠༠ དཔལ་འབྱོར་ལས་ཁུངས་སུ་སྒོར་ས་ཡ་ ༥༨་༢༩ ཤེས་རིག་ལས་ཁུངས་སུ་སྒོར་ས་ཡ་ ༡༤༡་༠༣ འཕྲོད་བསྟེན་ལས་ཁུངས་སུ་སྒོར་ས་ཡ་ ༡༧་༥༩ ཡོད་པ་བཅས་བསྡོམས་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་མ་དངུལ་ཁྱོན་སྒོར་ས་ཡ་ ༥༣༨་༢༠ བྱེད་ཀྱི་ཡོད།
༡་༢ སྔོན་རྩིས་མ་དངུལ།
རྩིས་ལོ་ ༢༠༠༨་་༠༩ ལོ་ནས་ལོ་རེའི་དགོས་དངུལ་དཔལ་འབྱོར་ལས་ཁུངས་བརྒྱུད་གཏོང་ལེན་བྱ་དགོས་ཀྱི་དངོས་བྱུང་དངོས་སོང་གཉིས་ཁ་འཐབ་ཀྱིས་ལྷག་ལུས་ཇི་བྱུང་མ་འོངས་པའི་དམིགས་རྟེན་ཆེད་ལོ་ལྟར་བཀར་བཅུག་གིས་སྔོན་རྩིས་མ་དངུལ་གྱི་ངོ་བོར་གསོག་འཇོག་བྱེད་མུས་ཡིན། རྩིས་ལོ་ ༢༠༡༤་་༡༥ ལོའི་དངོས་བྱུང་དངོས་སོང་གཉིས་ཁ་འཐབ་ཀྱིས་ལྷག་སྒོར་ས་ཡ་ ༦༥་༠༢ བྱས་ཡོད་པའང་སྔོན་རྩིས་མ་དངུལ་ཐོག་བསྣན་ཏེ་ཁྱོན་མ་དངུལ་སྒོར་ས་ཡ་ ༤༤༧་༨༨ བྱེད་ཀྱི་ཡོད། སྔོན་རྩིས་མ་དངུལ་གྱི་འདས་ལོ་ལྔའི་གནས་སྟངས་ཇི་ཆགས་གཤམ་གསལ་ལྟར་ཡིན།
རྩིས་ལོ། | མ་དངུལ་སྒོར་ས་ཡ། | འཕར་འབབ་སྒོར་ས་ཡ། |
༢༠༡༡་་༡༢ | ༣༢༠་༡༤ | |
༢༠༡༢་་༡༣ | ༣༤༣་༢༥ | ༢༣་༡༡ |
༢༠༡༣་་༡༤ | ༣༨༢་༨༦ | ༣༩་༦༡ |
༢༠༡༤་་༡༥ | ༤༤༧་༨༨ | ༦༥་༠༢ |
༢༠༡༥་་༡༦ | ༥༩༠་༥༥ | ༡༤༢་༦༧ ༼ཚོད་དཔག་ལྷག་འཆར།༽ |
གོང་གསལ་གཏན་འཇགས་མ་དངུལ་གྱི་དངུལ་སྐྱེད་དང་སྔོན་རྩིས་མ་དངུལ། དང་བླང་དཔྱ་དངུལ་གྱིས་ གཙོས་ལོ་རེའི་སྒྲིག་འཛུགས་ཀྱི་ཡོང་དམིགས་གཞན་བཅས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལོ་གཅིག་གི་འཛིན་ སྐྱོང་རྒྱུན་གྲོན་ཆ་ཚང་རང་གསོ་ཐུབ་པའི་གནས་སྟངས་ཤིག་ད་ལྟའི་ཆར་ཆགས་ཡོད།
༡་༣ ཟུར་བཀོལ་མ་དངུལ།
བོད་མིའི་སྒྲིག་འཛུགས་ཀྱི་ཁོངས་སུ་གཏོགས་པ་ལོ་རེའི་སྔོན་རྩིས་ཁྲིམས་སྒྲིག་དགོངས་དོན་གྲོས་ཚོགས་དང་ས་གནས་འཐུས་མི་ཚོགས་འདུའི་བཀའ་འཁྲོལ་འོག་དབུས་ནས་དགོས་དངུལ་ཆ་ཚང་གཏོང་མུས་ལས་ཁུངས་གྲངས་ ༡༡༥ དང་ཆ་ཤས་གཏོང་མུས་གྲངས་ ༥༨ དེ་བཞིན་དགོས་དངུལ་ཆ་ཚང་ས་གནས་ནས་གཏོང་མུས་གྲངས་ ༡༨ སོ་སོར་བྱེད་ཀྱི་ཡོད། ལོ་རེའི་འགྲོ་གྲོན་གྱི་དགོས་དངུལ་དབུས་སའི་ལས་ཁུངས་སོ་སོ་ནས་གཏོང་དམིགས་ཟུར་བཀོལ་མ་དངུལ་ཡོད་པའྀ་ལས་ཁུངས་གྲངས་ ༩༧ ཡོད་པ་རྣམས་ཀྱི་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༡ ཉིན་གྱི་ཕྱོགས་བསྡོམས་སྤྱིར་བཏང་མ་དངུལ་སྒོར་ས་ཡ་ ༡༠༡༩་༡༦ དང༌། ལས་འཆར་མ་དངུལ་སྒོར་ས་ཡ་ ༧༤༥་༢༥ བྱེད་ཀྱི་ཡོད་པ་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣༡ ཉིན་གྱི་གནས་བབ་ལས་སྒོར་ས་ཡ་ ༢༣་༠༧ དང་སྒོར་ས་ཡ་ ༡༧༥་༨༦ སོ་སོས་མང་བ་གཤམ་གསལ་ལྟར་བྱེད་ཀྱི་ཡོད།
ལོ་དུས། | སྤྱིར་བཏང་མ་དངུལ། | འཕར་འབབ་སྒོར་ས་ཡ། | ལས་འཆར་མ་དངུལ་སྒོར་ས་ཡ། | འཕར་འབབ་སྒོར་ས་ཡ། | བསྡོམས་སྒོར་ས་ཡ། | བསྡོམས་འཕར་འབབ་སྒོར་ས་ཡ། |
༢༠༡༢།༣།༣༡ | ༨༦༡་༦༨ | ༧༠༤་༦༠ | ༡༥༦༦་༢༨ | |||
༢༠༡༤།༣།༣༡ | ༩༩༦་༠༩ | ༡༣༤་༤༡ | ༥༦༩་༣༩ | ༼༡༣༥་༢༡༽ | ༡༥༦༥་༤༨ | ༼༠་༨༠༽ |
༢༠༡༥།༣།༣༡ | ༡༠༡༩་༡༦ | ༢༣་༠༧ | ༧༤༥་༢༥ | ༡༧༥་༨༦ | ༡༧༦༤་༤༡ | ༡༩༨་༩༣ |
རྩིས་ལོ་ ༢༠༡༥་་༡༦ དང་ ༢༠༡༦་་༡༧ ལོའི་སྤྱིར་བཏང་དང་ལས་འཆར་མ་དངུལ་གཉིས་ཀྱི་ཚོད་དཔག་ལྷག་འཆར་སྒོར་ས་ཡ་ ༡༨༢༧་༨༣ དང་སྒོར་ས་ཡ་ ༡༨༣༥་༤༣ སོ་སོར་བྱེད་ཀྱི་ཡོད་པ་བྱུང་སོང་སྔོན་རྩིས་ཁ་ཤོག་ནང་གསལ་ལྟར་ཡིན། འདི་ཁོངས་ཕྱོགས་བསྡོམས་མ་དངུལ་དུ་མ་ཚུད་པའི་ཕྱོགས་མཐའི་ལས་ཁུངས་གྲངས་ ༧༠ ཡི་ལྷག་འཆར་ཇི་ཡོད་ཚུད་ཀྱི་མེད།
༡་༤ ཕྱོགས་བསྡོམས་མ་དངུལ།
བོད་མིའི་སྒྲིག་འཛུགས་མ་ལག་ཡོངས་ཀྱི་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༣༡ ཉིན་གྱི་ཕྱོགས་བསྡོམས་མ་ དངུལ་སྒོར་ས་ཡ་ ༢༤༣༦་༣༣ བྱེད་ཀྱི་ཡོད་པ་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣༡ ཉིན་གྱི་གནས་བབས་ ལས་སྒོར་ས་ཡ་ ༢༧༩་༤༣ མང་བ་གཤམ་གསལ་ལྟར་བྱེད་ཀྱི་ཡོད།
ལོ་དུས། | སྔོན་རྩིས་མ་དངུལ། སྒོར་ས་ཡ། |
གཏན་འཇགས་མ་དངུལ། སྒོར་ས་ཡ། |
ཟུར་བཀོལ་སྤྱིར་བཏང་མ་དངུལ། སྒོར་ས་ཡ། |
ཟུར་བཀོལ་ལས་འཆར་མ་དངུལ་ སྒོར་ས་ཡ། |
བསྡོམས་སྒོར་ས་ཡ། |
༢༠༡༤།༣།༣༡ | ༣༨༢་༨༦ | ༢༠༨་༥༦ | ༩༩༦་༠༩ | ༥༦༩་༣༩ | ༢༡༥༦་༩༠ |
༢༠༡༥།༣།༣༡ | ༤༤༧་༨༨ | ༢༢༤་༠༤ | ༡༠༡༩་༡༦ | ༧༤༥་༢༥ | ༢༤༣༦་༣༣ |
འཕར་འབབ། | ༦༥་༠༢ | ༡༥་༤༨ | ༢༣་༠༧ | ༡༧༥་༨༦ | ༢༧༩་༤༣ |
བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་གནས་བབ་ད་ལྟའི་ཆར་གོང་གསལ་ལྟར་མི་དམན་ཙམ་ཡོད་ཀྱང༌། ལས་ཁུངས་རེ་ཟུང་གི་མ་དངུལ་གནས་བབ་ཐོག་ད་དུང་བསམ་ཞིབ་བྱ་དགོས་པ་ལྟར་གནས་སྟངས་བཟང་དུ་འགྲོ་ཐབས་སུ་འབད་བརྩོན་ཞུས་དང་ཞུ་མུས་ཡིན། ཉེ་བའི་ཆར་ནང་སྲིད་ལས་ཁུངས་ནས་འབད་བརྩོན་གནང་འབྲས་སུ་རྒྱ་གར་གཞུང་ནས་ལོ་ལྔའི་རིང་དགོས་དངུལ་སྒོར་ས་ཡ་ ༤༠༠ དམིགས་བསལ་དགོངས་བཞེས་བྱུང་ཡོད་པ་དང༌། དེ་བཞིན་ཨ་རི་སྲིད་གཞུང་ནས་ལོ་ལྔའི་རིང་རོགས་དངུལ་ཨ་སྒོར་ས་ཡ་ ༢༣ གནང་བཞེད་ཡོད་པ་བཅས་ནས་མ་དངུལ་གནས་སྟངས་བཟང་དུ་འགྲོ་རྒྱུའི་གནས་བབ་ཆགས་ཡོད།
༢་༠ སྔོན་རྩིས་གནས་བབ།
བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཞུ་སྒོ་དུས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་ལོ་རེ་ནས་གཞི་རྒྱ་ཆེ་རུ་འགྲོ་མུས་བཞིན་སྔོན་རྩིས་མ་འབོར་ཡང་དེ་མཚུངས་འཕར་དང་འཕར་མུས་ཡིན། འཛིན་སྐྱོང་བཀའ་ཤག་ལ་དེ་དང་མཉམ་པའི་དགོས་དངུལ་ཐབས་ཤེས་ཀྱི་འགན་ཁུར་ཡང་ཆེ་རུ་སོང་ཡོད་པ་བཞིན་ད་བར་འོས་འཚམ་གྱི་དགོས་དངུལ་ཐབས་འཚོལ་ཐུབ་པ་བྱུང་ཡོད་པའི་གནས་སྟངས་གཤམ་གསལ་ལྟར་ཡིན།
རྩིས་ལོ། | སྔོན་རྩིས་གཏན་འབེབས་སྒོར་ས་ཡ། | བར་བརྒལ་བཀའ་འཁྲོལ་སྒོར་ས་ཡ། | བསྡོམས་སྒོར་ས་ཡ། | བཀའ་ཤག་གི་ཐབས་འཚོལ་སྒོར་ས་ཡ། |
༢༠༡༢་་༡༣ | ༡༡༤༧་༦༥ | ༤༢་༡༣ | ༡༡༨༩་༧༨ | ༡༠༧་༥༩ |
༢༠༡༣་་༡༤ | ༡༢༨༠་༦༡ | ༣༣༣་༢༨ | ༡༦༡༣་༨༩ | ༡༨༥་༦༦ |
༢༠༡༤་་༡༥ | ༡༨༩༢་༢༦ | ༢༦༠་༨༩ | ༢༡༥༣་༡༥ | ༡༩༡་༡༤ |
༡༥་་༡༦ | ༢༠༡༨་༠༣ | ༢༨༧་༦༠ | ༢༣༠༥་༦༣ | ༢༤༡་༨༦ |
༢༠༡༦་་༡༧ | ༢༢༣༨་༨༣ ༼རྒྱབ་གཉེར།༽ | ༢༢༣༨་༨༣ ༼རྒྱབ་གཉེར།༽ |
༼༢༠༡༦།༠༣།༠༩ ཉིན་གྱི་གནས་བབ།༽ |
གོང་གསལ་ལྟར་རྩིས་ལོ་ ༢༠༡༢་་༡༣ ནས་རྩིས་ལོ་ ༢༠༡༦་་༡༧ བར་གྱི་ལོ་ལྔའི་ནང་སྔོན་རྩིས་ཀྱི་མ་འབོར་དང་བཀའ་ཤག་ནས་དགོས་དངུལ་ཐབས་ཤེས་ཀྱི་མ་འབོར་གཉིས་ཀ་བརྒྱ་ཆ་ ༡༠༠ སྐོར་འཕར་ཆ་ཕྱིན་ཡོད། སྔོན་རྩིས་ཀྱི་ཁ་ཕྱོགས་དང་ཕྱི་ནས་ཐབས་འཚོལ་དགོས་པའི་དགོས་དངུལ་གྱི་གནས་སྟངས་དེ་མུར་གནས་ཚེ་ཕུགས་སུ་བོད་མིའི་སྒྲིག་འཛུགས་ལ་དེ་བཞིན་གྱི་ཐུགས་འགན་ལྕི་བ་ཆགས་རྒྱུའི་གནས་སྟངས་ཡོང་གཞི་ཆགས་སྲིད་པ་ཡིན།
༣་༠ རྩིས་ལོ་ ༢༠༡༤་་༡༥ ལོའི་ཡོང་འབབ་དང་འགྲོ་གྲོན།
ཀ༽ རྩིས་ལོ་ ༢༠༡༤་་༡༥ ལཽའི་འགྲོ་གྲོན་འགྲོ་འཆར་ཁྱོན་སྒོར་ས་ཡ་ ༢༡༥༣་༡༥ དང་ཡོང་འཆར་ཁྱོན་སྒོར་ས་ཡ་ ༢༠༩༧་༦༥ གཏན་འབེབས་བྱུང་ཡོད། འདི་ཁོངས་སྔོན་རྩིས་མ་དངུལ་ནས་དགོས་དངུལ་གཏོང་དགོས་སྒོར་ས་ཡ་ ༤༢༦་༤༦ གཏན་འབེབས་བྱུང་བ་ནས་དངོས་སོང་སྒོར་ས་ཡ་ ༣༢༨་༣༨ བྱས་ཡོད་པ་དང༌། ཡོང་འཆར་སྒོར་ས་ཡ་ ༤༢༦་༤༦ གཏན་འབེབས་བྱུང་བར་ཕན་པའི་དངོས་བྱུང་སྒོར་ས་ཡ་ ༣༩༣་༤༠ བྱས་ཡོད། དགོས་དངུལ་དངོས་བྱུང་དང་འགྲོ་གྲོན་དངོས་སོང་གཉིས་ཁ་འཐབ་ཀྱིས་ལྷག་སྒོར་ས་ཡ་ ༦༥་༠༢ བྱས་པ་སྔར་ལམ་བཞིན་སྔོན་རྩིས་མ་དངུལ་ལ་ཕན་པར་བཀར་བཅུག་ཞུས་ཡོད།
ཁ༽ ཟུར་བཀོལ་ཁོངས་ལས་འཆར་དང་གཞན་འགྲོ་གྲོན་འགྲོ་འཆར་སྒོར་ས་ཡ་ ༡༧༢༦་༦༩ གཏན་འབེབས་བྱུང་བ་ནས་དངོས་སོངསྒོར་ ༡༢༡༦་༧༧ དང༌། ཡོང་འཆར་སྒོར་ས་ཡ་ ༡༦༧༡་༡༩ གཏན་འབེབས་བྱུང་བར་ཕན་པའི་དངོས་བྱུང་སྒོར་ས་ཡ་ ༡༣༠༠་༣༡ བྱས་ཡོད།
༤་༠ རྩིས་ལོ་ ༢༠༡༥་་༡༦ ལོའི་སྔོན་རྩིས་གཏན་འབེབས།
ཀ༽ ད་ལྟ་འགྲོ་བཞིན་པའི་རྩིས་ལོ་ ༢༠༡༥་་༡༦ ལོའི་སྔོན་རྩིས་སུ་ཁྱོན་ཚོད་དཔག་འགྲོ་གྲོན་སྒོར་ས་ཡ་ ༢༠༡༨་༠༣ གཏན་འབེབས་བྱུང་ཡོད་པའི་ཐོག་བར་བརྒལ་བཀའ་འཁྲོལ་སྒོར་ས་ཡ་ ༢༨༧་༥༩ བསྡོམས་མཐའ་མའི་ཚོད་དཔག་འགྲོ་གྲོན་སྒོར་ས་ཡ་ ༢༣༠༥་༦༣ བྱས་ཡོད། འདི་ཁོངས་ལས་ཁུངས་ཁག་གི་ཕོགས་གྲོན་ཆེད་སྒོར་ས་ཡ་ ༣༥༠་༦༧ དང་གཞན་རྒྱུན་གྲོན་ཆེད་སྒོར་ས་ཡ་ ༢༤༩་༠༥ དམིགས་བསལ་དང་དམིགས་བཀར་ལས་དོན་ཆེད་སྒོར་ས་ཡ་ ༡༧༠༥་༩༡ བཅས་སོ་སོར་འགྲོ་གྲོན་གཏན་འབེབས་བྱུང་ཡོད་པའི་ཞིབ་གནས་ཡིག་ཆ་ ༼ང༽ དང་ ༼ཆ༽ ལྟར་ཡིན།
ཁ༽ གོང་གསལ་འགྲོ་འཆར་ལ་ཕན་པའི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་ཡོང་འཆར་སྒོར་ས་ཡ་༡༩༠༠་༧༤ གཏན་འབེབས་ཐོག་བར་བརྒལ་བཀའ་འཁྲོལ་དང་དགོས་དངུལ་འཕར་མ་ཐབས་ཤེས་བཅས་བསྡོམས་མཐའ་མའི་ཡོང་འཆར་སྒོར་ས་ཡ་ ༢༣༨༣་༩༣ བྱེད་ཀྱི་ཡོད། འདི་ཁོངས་སྔོན་རྩིས་མ་དངུལ་ལ་ཕན་པའི་ཡོང་འཆར་སྒོར་ས་ཡ་ ༥༦༥་༤༡ དང༌། ཟུར་བཀོལ་ལ་ཕན་པའི་ཡོང་འཆར་སྒོར་ས་ཡ་ ༡༨༡༨་༥༢ གཏན་འབེབས་བྱུང་ཡོད་པ་བཅས་ཡིན།
༥་༠ རྩིས་ལོ་ ༢༠༡༦་་ ༡༧ ལོའི་སྔོན་རྩིས་འཆར་འབུལ།
༥་༡ ཡོང་འཆར།
ཀ༽ རྩིས་ལོ་ ༢༠༡༦་་༡༧ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱོགས་བསྡོམས་མ་དངུལ་ལ་ཕན་པའི་ཁྱོན་ཡོང་འཆར་སྒོར་ས་ཡ་ ༢༣༠༣་༩༨ ཚོད་དཔག་ཞུས་ཡོད་པ་ནས་སྔོན་རྩིས་མ་དངུལ་ལ་ཕན་པར་སྒོར་ས་ཡ་ ༥༤༥་༡༥ དང༌། ལས་ཁུངས་སོ་སོའི་ཟུར་བཀོལ་ལ་ཕན་པ་སྒོར་ས་ཡ་ ༡༧༥༨་༨༣ ཡོང་རྒྱུ་ཚོད་དཔག་ཞུས་ཡོད་པའི་ཞིབ་གནས་སྔོན་རྩིས་བྱུང་སོང་རྩིས་ཤོག་ལྟར་ཡིན།
ཁ༽ འདི་ལོའི་ཚོད་དཔག་ཡོང་འཆར་ཁོངས་བཀའ་ཤག་གིས་ཐབས་ཤེས་གནང་དགོས་སྒོར་ས་ཡ་ ༣༡༧་༦༡ བྱེད་ཀྱི་ཡོད་པ་ད་ལྟ་འགྲོ་བཞིན་པའི་རྩིས་ལོའི་ཡོང་འཆར་ལས་སྒོར་ས་ཡ་ ༢༤་༠༨ མང་བ་བྱེད་ཀྱི་ཡོད་པ་ད་མུས་བཞིན་ཐབས་འཚོལ་ཐུབ་པའི་གནས་བབ་ཡོང་རེ་ཡོད།
ག༽ སྔོན་རྩིས་ཀྱི་ཡོང་དམིགས་གལ་ཆེ་བ་ཞིག་ནི་དང་བླང་དཔྱ་དངུལ་འབུལ་འབབ་འདི་ཡིན་པ་བཞིན། འབུལ་འབབ་ལོ་རེ་ནས་ཇེ་བཟང་དུ་འགྲོ་རྒྱུར་མང་ཚོགས་དང་འགན་ཡོད་ཚང་མས་འབད་བརྩོན་ཐུགས་འཁུར་གནང་དང་གནང་མུས་ཡིན་ཞིང༌། དང་བླང་དཔྱ་དངུལ་དང༌། གཞན་ངེས་ཅན་བསྡུ་དངུལ། ངེས་མེད་ཞལ་འདེབས་བཅས་ནས་ཡོང་འཆར་སྒོར་ས་ཡ་ ༡༥༠་༦༣ ཚོད་དཔག་ཞུས་ཡོད་པ་ད་ལྟ་འགྲོ་བཞིན་པའི་རྩིས་ལོའི་སྔོན་རྩིས་ཚོད་དཔག་ལས་ཡོང་འཆར་སྒོར་ས་ཡ་ ༤༠་༣༠ མང་བ་བྱེད་ཀྱི་ཡོད། བོད་མི་ཡིན་ནོ་ཅོག་ནས་དང་བླང་དཔྱ་དངུལ་དང་གཞན་བསྡུ་དངུལ་ལོ་ལྟར་ངེས་པར་འབུལ་ཐུབ་པ་བྱ་རྒྱུ་གལ་གནད་དུ་བརྩིས་ཏེ་དཔྱ་དངུལ་འབུལ་ཕྱོགས་དང་འབྲེལ་བའི་དཀའ་སེལ་ཐབས་ལམ་རིམ་པར་སྤེལ་དང་སྤེལ་མུས་ཡིན་པ་བོད་མི་གང་འཚམ་གྱི་དཀའ་ངལ་སེལ་ཐུབ་པས་འབུལ་འབབ་ཀྱང་དེ་མཚུངས་མང་དུ་འགྲོ་བཞིན་པ་ཡིན།
ལས་དོན་འདི་ཐོག་ས་གནས་འགོ་འཛིན་རྣམ་པའི་གཙོས་ས་གནས་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་དང༌། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་རྣམ་པའི་དབུས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རིགས་ཚོགས་པ་བཅས་འབྲེལ་ཡོད་ཚང་མས་ཁུར་མཉམ་ལེན་གནང་བའྀ་འབྲས་བུར་དང་བླང་དཔྱ་དངུལ་འབུལ་མཁན་གྱི་གྲངས་འབོར་དང་དངུལ་འབབ་གཉིས་ཀ་ལོ་རེ་ནས་ཇེ་བཟང་དུ་འགྲོ་མུས་ཡིན་པའི་ཞིབ་གནས་གཤམ་གསལ་ལྟར་བྱས་ཡོད།
རྩིས་ལོ། | མི་གྲངས། | འཕར་འབབ། | འབུལ་འབབ་སྒོར་ས་ཡ། | འཕར་འབབ་སྒོར་ས་ཡ། |
༢༠༡༡་་༡༢ | ༡༠༡༣༥༦ | ༩༩་༠༨ | ༤་༦ | |
༢༠༡༢་་༡༣ | ༡༠༥༠༣༠ | ༣༦༧༥ | ༡༠༣་༦༧ | ༤་༦༢ |
༢༠༡༣་་༡༤ | ༡༡༠༣༨༦ | ༥༣༥༦ | ༡༠༦་༤༧ | ༢་༨༠ |
༢༠༡༤་་༡༥ | ༡༡༡༤༣༠ | ༡༠༤༤ | ༡༡༩་༣༤ | ༡༢་༨༧ |
༢༠༡༥་་༡༦ | ༡༡༤༧༤༨ | ༣༣༡༨ | ༡༧༤་༦༥ | ༥༥་༣༡༼༢༠༡༦།༣།༩ བར།༽ |
༥་༢ ལས་དོན་འཆར་སྒྲིག་དང་དགོས་དངུལ་རྒྱབ་གཉེར།
རྩིས་ལོ་ ༢༠༡༦་་༡༧ ལོའི་ནང་བོད་མིའི་སྒྲིག་འཛུགས་ཀྱིས་ཞུ་སྒོའི་ལས་དོན་འཆར་སྒྲིག་ཁོངས་བོད་བསྟན་སྲིད་དང༌། བོད་ཕྲུག་ཚོའི་ཤེས་ཡོན་གྱིས་གཙོས་མང་ཚོགས་ཀྱི་འཚོ་རྟེན་དང་འཕྲོད་བསྟེན། གཞན་ལས་གཞི་གལ་ཆེ་བ་སོ་སོར་དགོས་དངུལ་རྒྱབ་གཉེར་ཞུས་པ་གཤམ་གསལ་ལྟར་ཡིན།
ཀ༽ ༧རྒྱལ་བའི་༧སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་ཆེད་ཞབས་རིམ་གཙོ་བོར་གྱུར་པའི་བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་མི་ཉམས་གཅེས་སྲུང་བྱ་རྒྱུ་སྒྲིག་འཛུགས་ཀྱི་ལས་དོན་གལ་གནད་ཆེ་བ་ཞིག་ལ་སོང་ལས་དོན་དེ་དག་གི་ཆེད་ཁྱོན་དགོས་དངུལ་སྒོར་ས་ཡ་ ༦༧་༥༥ རྒྱབ་གཉེར་ཞུས་ཡོད། ནང་པའི་བསྟན་པ་རྒྱས་ཐབས་དང་བོད་མིའི་བསོད་ནམས་གོང་འཕེལ་ཆེད་གནས་ཆེན་བརྒྱད་ལ་བདེ་བཤེགས་མཆོད་རྟེན་རྣམ་བརྒྱད་གསར་བཞེང་གི་ལས་དོན་འགྲོ་མུས་ཆེད་དགོས་དངུལ་སྒོར་ས་ཡ་ ༨་༠༠ དང༌། དེ་བཞིན་བོད་མི་ཡོངས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞལ་བཞེས་བཀྲིན་སྨིན་སྩོལ་བྱུང་བ་གོ་སྒྲིག་ཆེད་སྤོམ་དངུལ་སྒོར་ས་ཡ་ ༥་༠༠ རྒྱབ་གཉེར་ཞུས་ཡོད། དགོས་དངུལ་འཕར་སྣོན་དགོས་རིམ་རྒྱབ་གཉེར་ཞུ་ལམ་ཡོད་མུས་ཡིན། བོད་ཀྱི་ཟློས་གར་སྒྲིག་འཛུགས་དེ་བཞིན་བོད་མིའི་ཁྱད་ཆོས་ལྡན་པའི་རིག་གཞུང་གཅེས་སྐྱོང་དང་ཁྱབ་སྤེལ་གྱི་བསྟི་གནས་ཤིག ཆགས་ཡོད་པ་བཞིན་གནས་བབ་ཚད་ལྡན་ཞིག་དགོས་རྒྱུ་གལ་ཆེ་བ་ཆགས་ཡོད། ལྷག་དོན་འཁྲབ་སྟོན་པ་ན་གཞོན་སྐྱེད་སྲིང་ཆེད་སྡོད་ཁང་གི་མཐུན་རྐྱེན་འགྲིག་ངེས་ཤིག་དགོས་གལ་ཡོད་པ་གསར་བསྐྲུན་ཆེད་དགོས་དངུལ་སྒོར་ས་ཡ་ ༧་༥༠ རོགས་བསྐྱོར་གནང་རྒྱུ་རྒྱབ་གཉེར་ཞུས་ཡོད།
ཁ༽ གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་ཞི་མོལ་གྱི་ལམ་ནས་བོད་དོན་ཞི་འགྲིག་ཡོང་ཐབས་དང་འབྲེལ་བའི་ལས་དོན་རྒྱུན་འཁྱོངས་བྱ་རྒྱུ་དང༌། རྒྱལ་སྤྱིའི་འབྲེལ་ལམ་དང་རྒྱབ་བསྐྱོར་གོང་མཐོར་འགྲོ་ཐབས། བོད་ནང་བོད་མི་ཚོའི་བདེ་ཐབས་ཡར་རྒྱས་འབྱུང་ཐབས། དེ་བཞིན་དབུ་མའི་ལམ་གྱི་ཐབས་ལམ་སྐོར་ཕྱི་ནང་མང་ཚོགས་ལ་ངོ་སྤྲོད་ཀྱི་ལས་དོན་མུ་མཐུད་སྤེལ་རྒྱུའི་ཆེད་དགོས་དངུལ་སྒོར་ས་ཡ་ ༤༠༣་༣༨ རྒྱབ་གཉེར་ཞུས་ཡོད། སྒྲིག་འཛུགས་ཀྱི་ད་ཡོད་སྣར་ཐང་པར་ཁང་གི་ལས་དོན་དུས་ཀྱི་དགོས་མཁོ་ལྟར་ཡར་རྒྱས་གཏོང་རྒྱུའི་ཆེད་པར་བསྐྲུན་འཕྲུལ་འཁོར་ཚད་ལྡན་ཞིག་གསར་ཉོའི་ཆེད་སྒོར་ས་ཡ་ ༡༣་༢༥ རྒྱབ་གཉེར་ཞུས་ཡོད་པས་ སླད་བོད་མིའི་སྒྲིག་འཛུགས་ཀྱི་དཔར་འདེབས་ལས་དོན་སྤུས་ཚད་ལྡན་པ་ཞིག་ཡོང་ངེས་ཡིན།
ག༽ གཞི་རིམ་མང་ཚོགས་ཀྱི་འཚོ་རྟེན་འགྲིག་ངེས་ཤིག་ཡོང་ཐབས་བྱ་རྒྱུ་སྒྲིག་འཛུགས་ཀྱི་ལས་དོན་གལ་ཆེ་བ་ཞིག་ཡིན་པ་བཞིན་བཙན་བྱོལ་བོད་མིའི་འཚོ་རྟེན་གཙོ་བོ་སྐྱེ་ལྡན་སོ་ནམ་གྱིས་གཙོས་སོ་ནམ་འདེབས་ལས་ཡར་རྒྱས་ཆེད་སྒོར་ས་ཡ་ ༨༠་༡༤ དང༌། བོད་མིའི་སྡོད་སྒར་ཁག་ནང་དགོས་ངེས་ཀྱི་མཐུན་རྐྱེན་འཛུགས་སྐྲུན་ཆེད་སྒོར་ས་ཡ་ ༢༦་༡༤ མཉམ་སྦྲེལ་གྱི་ལས་དོན་ཡར་རྒྱས་ཆེད་སྒོར་ས་ཡ་ ༡་༠༤ བོད་མི་ན་གཞོན་ཚོར་འཚོ་རྟེན་བསྐྲུན་རྒྱུའི་རམ་འདེགས་ལས་དོན་ཆེད་སྒོར་ས་ཡ་ ༡༥་༢༤ བཅས་རྒྱབ་གཉེར་ཞུས་ཡོད།
ང༽ བོད་ཕྲུག་ཚོར་ཕྱི་ནང་གི་ཤེས་ཡོན་ཚད་ལྡན་སྤྲོད་རྒྱུ་ནི་བོད་མིའི་རྩ་ཆེའི་རིག་གཞུང་གཅེས་ཉར་དང༌། དེ་བཞིན་བོད་མིའི་ངོ་བོ་མི་ཉམས་རྒྱུན་འཛིན་གྱིས་སྤྱི་ཚོགས་ཚད་ལྡན་ཞིག་ཡོང་ཐབས་སུ་གལ་གནད་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཏུ་ངོས་འཛིན་ཞུས་དང་ཞུ་བཞིན་པ་ལྟར་ཤེས་ཡོན་ཡར་རྒྱས་ཀྱི་ལས་དོན་ཆེད་ཁྱོན་སྒོར་ས་ཡ་ ༧༩༨་༡༢ རྒྱབ་གཉེར་ཞུས་ཡོད་པ་ད་ལྟ་འགྲོ་བཞིན་པའི་རྩིས་ལོའི་སྔོན་རྩིས་ལས་སྒོར་ས་ཡ་ ༣༧་༥༥ མང་བ་བྱེད་ཀྱི་ཡོད། འདི་ཁོངས་གཞི་རིམ་གྱི་ཤེས་ཡོན་ལས་དོན་གལ་གནད་དུ་བརྩིས་ཏེ་དགོས་དངུལ་སྒོར་ས་ཡ་ ༧༠༨་༠༠ རྒྱབ་གཉེར་ཞ྄ུས་ཡོད། མཐོ་རིམ་ཤེས་ཡོན་གྱི་སློབ་ཡོན་ཆེད་སྒོར་ས་ ༤༦་༢༤ རྒྱབ་གཉེར་ཞུས་ཡོད།
ཅ༽ ནད་རིགས་སྔོན་འགོག་གི་གཙོས་བཙན་བྱོལ་བོད་མི་མང་ཚོགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་གི་ལས་དོན་ཆེད་སྒོར་ས་ཡ་ ༡༥༠་༧༠ རྒྱབ་གཉེར་ཞུས་ཡོད། འདི་ཁོངས་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ལས་གཞི་གལ་ཆེ་བ་ཞིག་ཆགས་ཡོད་པས་ལས་དོན་གཞི་རྒྱ་ཆེ་རུ་འགྲོ་ཐབས་དང༌། དེ་བཞིན་རྒྱང་བཅོས་ཀྱི་ལམ་ནས་སྨན་བཅོས་ལས་གཞི་འགྲོ་མུས་གཉིས་ཀྱི་ཆེད་སྒོར་ས་ཡ་ ༢༦་༠༣ རྒྱབ་གཉེར་ཞུས་ཡོད། མ་དང་བྱིས་པའི་འཕྲོད་བསྟེན་ལྟ་སྐྱོང་ཆེད་སྒོར་ས་ཡ་ ༤་༢༤ རྒྱབ་གཉེར་ཞུས་ཡོད། བོད་མིའི་འདུས་སྡོད་གཞིས་ཆགས་ཁག་རྒྱུན་གནས་ཡོང་ཐབས་དང་ལྷག་པར་གཞོན་སྐྱེས་གང་མང་ས་གནས་སོ་སོར་གནས་ཐབས་ཐོག་འཕྲོད་བསྟེན་ཡར་རྒྱས་འབྱུང་ཐབས་དང༌། གཞོན་སྐྱེས་ཁོངས་མྱོས་རྫས་ངན་གོམས་སོགས་ཀྱི་གནས་སྟངས་མི་ཡོང་བ་དང་ནང་ཁུལ་འཆམ་མཐུན་དང་རོགས་རེས་ཀྱི་ཁོར་ཡུག་རྒྱུན་མཐུད་ཡོང་རྒྱུའི་ཆེད་སྐབས་འདིའི་སྔོན་རྩིས་སུ་བོད་མིའི་སྡོད་སྒར་གྲངས་ ༩ ནང་རྩེད་ཐང་གྱི་མཐུན་རྐྱེན་གསར་བསྐྲུན་དང་ཉམས་གསོའི་ཆེད་དགོས་དངུལ་སྒོར་ས་ཡ་ ༩་༨༩ རྒྱབ་གཉེར་ཞུས་ཡོད།
ཆ༽ རང་རེའི་བུད་མེད་རྣམས་ཀྱི་ནུས་ཤུགས་གོང་སྤེལ་གྱིས་སྤྱི་ཚོགས་ནང་འགན་འཁུར་སྔར་ལྷག་ཡོང་ཐབས་ཀྱི་སྲིད་བྱུས་གཏན་འབེབས་ཡོད་པ་བཞིན་ལས་འགུལ་མུ་མཐུད་སྤེལ་རྒྱུས་གཙོས་འཚོ་རྟེན་དང་འབྲེལ་བའི་ཟབ་སྦྱོང་གི་ལས་དོན་ཆེད་སྒོར་ས་ཡ་ ༤་༣༣ རྒྱབ་གཉེར་ཞུས་ཡོད་པ་ད་ལྟ་འགྲོ་བཞིན་པའི་རྩིས་ལོའི་དགོས་དངུལ་ལས་སྒོར་ས་ཡ་ ༣་༠༧ མང་བ་བྱེད་ཀྱི་ཡོད།
ཇ༽ གཞི་རིམ་མང་ཚོགས་ཀྱི་དཔལ་འབྱོར་གནས་བབ་རང་རྐང་ཚུགས་པ་ཡོང་ཐབས་བྱ་རྒྱུ་ད་ལྟ་དང་མ་འོངས་པའི་མི་རབས་ཀྱི་སྤྱི་དོན་ཐོག་སེམས་ཁུར་རྒྱུན་སྐྱོང་གི་དགོས་མཁོའི་ཆ་རྐྱེན་ཆེ་ཤོས་ཤིག་ཆགས་རྒྱུར་སོང༌། བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་གནས་བབ་རིམ་པས་རང་ཁ་རང་གསོ་ཡོང་ཐབས་སུ་རིག་གསར་ཐོན་སྐྱེད་བཟོ་བསྐྲུན་པ་དང་ཚོང་ལས་དོན་གཉེར་བ་གང་མང་སྐྱེད་སྲིང་ཡོང་ཐབས་དང་འཚོ་རྟེན་གྱི་གོ་སྐབས་བཟང་དུ་འགྲོ་ཐབས་སུ་དགོས་མཁོའི་མཐུན་འགྱུར་རམ་འདེགས་ཀྱི་ལས་དོན་འགོ་འཛུགས་ཟིན་པ་མུ་མཐུད་སྤེལ་རྒྱུའི་ཆེད་དགོས་དངུལ་སྒོར་ས་ཡ་ ༩་༤༣ རྒྱབ་གཉེར་ཞུས་ཡོད་པ་ད་ལྟ་འགྲོ་བཞིན་པའི་རྩིས་ལོའི་འགྲོ་འཆར་ལས་སྒོར་ས་ཡ་ ༢་༥༤ མང་བ་བྱེད་ཀྱི་ཡོད། ཕྱོགས་མཚུངས་ཚོང་ལས་དོན་གཉེར་དང་མཐོ་རིམ་ཤེས་ཡོན་གྱི་སློབ་ཡོན་ཆེད་མ་དངུལ་བུན་གཏོང་གི་མཐུན་རྐྱེན་སྦྱོར་སྤྲོད་ཆེད་དངུལ་ཁང་གི་མཐུན་རྐྱེན་བསྐྲུན་རྒྱུའི་འོག་གྲབས་ཀྱི་ལས་དོན་མུ་མཐུད་ཞུ་རྒྱུར་སྒོར་ས་ཡ་ ༣་༧༢ རྒྱབ་གཉེར་ཞུས་པ་དང་ཆབས་ཅིག་མ་དངུལ་བུན་གཏོང་ཆེད་འབྱུང་འགྱུར་ལོ་ལྔའི་ནང་སྒོར་ས་ཡ་ ༤༣་༨༠ གོ་སྒྲིག་ཡོང་རྒྱུ་དང༌། ལོ་འདིའི་ནང་སྒོར་ས་ཡ་ ༡༦་༠༥ གོ་སྒྲིག་གིས་མང་ཚོགས་ལ་མཐུན་རྐྱེན་སྦྱོར་སྤྲོད་བྱུ་རྒྱུར་རྒྱབ་གཉེར་ཞུས་ཡོད།
ཉ༽ བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཞུ་སྒོར་ཁྱད་ལས་པའི་དགོས་མཁོ་ཆེ་རུ་འགྲོ་བཞིན་པ་ལྟར་བོད་རིགས་ན་གཞོན་ཁྱད་ལས་པ་གང་མང་བོད་མིའི་སྒྲིག་འཛུགས་ནང་དུས་ཚོད་རྒྱས་བཅད་ཀྱི་ཞབས་ཞུའི་གོ་སྐབས་དང་མཐུན་རྐྱེན་སྦྱོར་སྤྲོད་ཀྱིས་ད་ཆ་ལོ་ངོ་གསུམ་ལྷག་སོང་བ་དང་ན་གཞོན་གྲངས་ ༥༥ ནས་ལས་དོན་འདྲ་མིན་ཐོག་ཞབས་ཞུ་གནང་ཡོད། ལས་འགུལ་འདིས་སྒྲིག་འཛུགས་དང་དོ་བདག་ཞབས་ཞུ་བ་གཉིས་ཀར་ཕན་ཐོགས་གང་ལེགས་ཡོང་གི་ཡོད་པས་གོ་སྐབས་མུ་མཐུད་བསྐྲུན་རྒྱུའི་ཆེད་སྒོར་ས་ཡ་ ༣་༣༨ རྒྱབ་གཉེར་ཞུས་ཡོད།
ཏ༽ བོད་དོན་སྐོར་ཉམས་ཞིབ་དང་གོ་རྟོགས་ཁྱབ་སྤེལ་གྱི་ལས་དོན་དེ་དག་གལ་གནད་ཆེ་བ་ལྟར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་རྒྱ་བསྐྱེད་དང་ཉམས་ཞིབ་པ་མུ་མཐུད་གསོ་སྐྱོང་ཆེད་དགོས་དངུལ་སྒོར་ས་ཡ་ ༡༠་༨༥ རྒྱབ་གཉེར་ཞུས་ཡོད་པ་ད་ལྟ་འགྲོ་བཞིན་པའི་རྩིས་ལོའི་སྔོན་རྩིས་ལས་སྒོར་ས་ཡ་ ༢་༢༦ མང་བ་བྱེད་ཀྱི་ཡོད།
ཐ༽ རྒྱ་གར་དུ་སློབ་གཉེར་དང༌། གཉེན་འཕྲད། གནས་མཇལ་སོགས་ཀྱི་ཆེད་ལོ་ལྟར་གཞིས་བཞུགས་སྤུན་ཟླ་གང་འཚམ་འབྱོར་མུས་ཚོར་སྣེ་ལེན་གྱི་མཐུན་རྐྱེན་ཆེད་སྒོར་ས་ཡ་ ༢༤་༨༨ དང༌། ལོ་ན་ཆུང་བ་ཚོར་ཤེས་ཡོན་དང་གྲྭ་བཙུན་རྣམས་ལ་སློབ་ཡོན་དང་འཚོ་སྣོན། དེ་བཞིན་སློབ་ལོ་ཡོལ་བའི་ན་གཞོན་ཚོར་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཤེས་ཡོན་གྱི་མཐུན་རྐྱེན་མུ་མཐུད་སྦྱོར་རྒྱུའི་ཆེད་སྒོར་ས་ཡ་ ༦༡་༥༦ ཆབ་སྲིད་བཙོན་ཟུར་དང་ཆབ་སྲིད་འབྲེལ་ཆགས་ཚོར་གང་ཅིའི་རོགས་སྐྱོར་ཞུ་རྒྱུ་གལ་གནད་ཆེ་བ་ལྟར་དགོས་དངུལ་སྒོར་ས་ཡ་ ༣་༦༩ དེ་བཞིན་ཆབ་སྲིད་བཙོན་ཟུར་བས་གཙོས་བོད་ནས་གསར་དུ་འབྱོར་བ་ཁག་གཅིག་ལ་སྡོད་ཁང་གི་མཐུན་རྐྱེན་གོ་སྒྲིག་གི་ལས་དོན་མཇུག་སྐྱོང་ཆེད་སྒོར་ས་ཡ་ ༢༧་༥༩ གཞོན་སྐྱེས་ཚོར་འཚོ་རྟེན་ཆེད་ལག་ཤེས་སྦྱོང་བརྡར་མུ་མཐུད་སྤྲོད་རྒྱུའི་ཆེད་སྒོར་ས་ཡ་ ༣་༢༦ བཅས་ཁྱོན་སྒོར་ས་ཡ་ ༡༢༠་༩༨ རྒྱབ་གཉེར་ཞུས་ཡོད།
ད༽ བོད་མི་བཙན་བྱོལ་བའི་ཁྲོད་ཉམ་ཐག་གི་གནས་སུ་ལྷུང་བ་མི་ཉུང་བ་ཞིག་ཡོད་པ་དང༌། དེ་དག་ལ་ལྟ་སྐྱོང་གིས་རིམ་པས་ཉམ་ཐག་གི་གནས་ནས་གྲོལ་ཐབས་བྱ་རྒྱུ་སྒྲིག་འཛུགས་ཀྱི་ལས་དོན་གལ་ཆེ་བ་ཞིག་ཡིན་གཤིས། དེ་དག་ལ་ལྟ་སྐྱོང་བྱེད་ཕྱོགས་ཀྱི་ལམ་སྟོན་ཡོད་མུས་ལྟར་འཚོ་སྣོན་དང༌། སྨན་བཅོས་ལྟ་སྐྱོང༌། རྒས་གསོ་ཁང་གི་མཐུན་རྐྱེན། དེ་བཞིན་བུ་ཕྲུག་ཚོའི་ཤེས་ཡོན་བཅས་ཀྱི་རོགས་སྐྱོར་ཆེད་ཁྱོན་སྒོར་ས་ཡ་ ༨༨་༢༣ རྒྱབ་གཉེར་ཞུས་ཡོད་པ་ད་ལྟ་འགྲོ་བཞིན་པའི་རྩིས་ལའི་སྔོན་རྩིས་ལས་སྒོར་ས་ཡ་ ༡༧་༡༨ མང་བ་བྱེད་ཀྱི་ཡོད།
ན༽ སྒྲིག་འཛུགས་ཀྱི་ལས་དོན་གཞི་རྒྱ་དང་དགོས་མཁོའི་ཆ་ནས་ལས་ཁུངས་གསར་རྒྱག་དང་ཉམས་གསོ། སྤྱི་འཐུས་རྒྱུན་ལས་རྣམ་པའི་ལས་ཤག་གསར་རྒྱག་དང་ས་གནས་ལས་བྱེད་པའི་ལས་ཤག་ཉམས་གསོ། དེ་བཞིན་ལས་བྱེད་བགྲེས་ཡོལ་བ་གང་འཚམས་ལ་བགྲེས་ཤག་གི་མཐུན་རྐྱེན་གོ་སྒྲིག་དགོས་པ་ལྟར་ཞུ་རྒྱུའི་ཆེད་སྐབས་འདིའི་སྔོན་རྩིས་སུ་དགོས་དངུལ་སྒོར་ས་ཡ་ ༥༩་༥༤ རྒྱབ་གཉེར་ཞུས་ཡོད།
པ༽ ལས་བྱེད་པ་རྣམས་ཀྱི་ད་ཡོད་ཕོགས་ཐོབ་ལ་བསྐྱར་ཞིབ་དགོས་པ་ལྟར་ཕོགས་རིམ་བསྐྱར་ཞིབ་ཚོགས་ཆུང་ཆེད་འཛུགས་ཀྱིས་རྒྱབ་གཉེར་ཇི་བྱུང་འོས་འཚམས་དགོངས་བཞེས་དང་རྩ་ཕོགས་གསར་སྒྲིག་གི་རྐྱེན་པས་ཕོགས་གྲོན་འཕར་མ་མི་ཉུང་བ་ཞིག་ཡོང་རྒྱུའི་དམིགས་རྟེན་ཆེད་དགོས་དངུལ་སྒོར་ས་ཡ་ ༣༠་༠༠ དང༌། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་ལས་བྱེད་པའི་ཕོགས་འབབ་ས་གནས་ལས་བྱེད་གཞན་གྱི་ཕོགས་འབབ་ལས་དམའ་བ་ཡོད་འདུག་པར་ཚོགས་ཆུང་ཆེད་འཛུགས་ཀྱི་ཐོག་ནས་ཞིབ་འཇུགས་དང་འབྲེལ་
ཕོགས་ཐོབ་དོ་མཉམ་པ་བཟོ་རྒྱུའི་ཆེད་དགོས་དངུལ་སྒོར་ས་ཡ་ ༢༠་༠༠ རྒྱབ་གཉེར་ཞུས་ཡོད་པ་བཅས་གོང་གསལ་ལས་འཆར་ཁག་དང་གཞན་ལས་འཆར་སོ་སོའི་ཞིབ་གནས་ལས་ཁུངས་སོ་སོའི་སྔོན་རྩིས་སུ་གསལ་ཡོད་པ་ལྟར་ཡིན།
༥་༣ ཁྱོན་དགོས་དངུལ་འགྲོ་འཆར།
ཀ༽ བོད་མིའྀ་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༦་་༡༧ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་ཚོད་དཔག་འགྲོ་གྲོན་སྒོར་ས་ཡ་ ༢༢༣༨་༨༣ བྱེད་ཀྱི་ཡོད། འདི་ཁོངས་ལས་ཁུངས་ཁག་གི་ཕོགས་གྲོན་ཆེད་སྒོར་ས་ཡ་ ༣༦༠་༩༤ དང༌། གཞན་རྒྱུན་གྲོན་ཆེད་སྒོར་ས་ཡ་ ༣༠༨་༠༥ དམིགས་བསལ་དང་དམིགས་བཀར་ལས་དོན་ཆེད་སྒོར་ས་ཡ་ ༡༥༦༩་༨༤ བཅས་རྒྱབ་གཉེར་འཆར་འབུལ་ཞུས་ཡོད་པ་ཡིག་ཆ་ ༼ཅ༽ དང་ ༼ཆ༽ ལྟར་ཡིན། དཔལ་འབྱོར་ལས་ཁུངས་བརྒྱུད་སྔོན་རྩིས་ཡོང་འཆར་དང་འགྲོ་འཆར་གཉིས་ཁ་འཐབ་ཀྱི་ལྷག་འཆར་སྒོར་ས་ཡ་ ༥༧་༥༥ བྱེད་ཀྱི་ཡོད་པ་རིང་མིན་སྐབས་བཅོ་ལྔ་པའི་བཀའ་ཤག་གིས་མཛད་འགན་བཞེས་རྒྱུར་སོང་གལ་ཆེའི་ལས་འཆར་གསར་པ་སྤེལ་བཞེད་འབྱུང་རིགས་མཛད་བདེ་ཡོང་རྒྱུར་དམིགས་པ་ཞིག་ཡིན།
ཁ༽ རྩིས་ལོ་འདིའི་ཁྱོན་ཚོད་དཔག་འགྲོ་གྲོན་ད་ལྟ་འགྲོ་བཞིན་པའི་རྩིས་ལོའི་ཐོག་མའི་སྔོན་རྩིས་གཏན་འབེབས་ལས་སྒོར་ས་ཡ་ ༢༢༠་༨༠ མང་བ་བྱེད་ཀྱི་ཡོད་པའི་འཕར་འབབ་བརྒྱ་ཆ་ ༡༠་༩༤ བྱེད་ཀྱི་ཡོད། ཕོགས་འབབ་དང་གཞན་རྒྱུན་གྲོན་གཉིས་ཀྱང་འདི་ལོ་སྒོར་ས་ཡ་ ༡༠་༢༣ དང་སྒོར་ས་ཡ་ ༧༧་༢༦ སོ་སོར་མང་བ་བྱེད་ཀྱི་ཡོད། དེ་བཞིན་དམིགས་བསལ་འགྲོ་གྲོན་དང་དམིགས་བཀར་ལས་འཆར་གཉིས་ཀྱི་འགྲོ་གྲོན་ཡང་སྒོར་ས་ཡ་ ༡༣༣་༣༠ མང་བ་བྱེད་ཀྱི་ཡོད།
ག༽ གོང་གསལ་ཚོད་དཔག་འགྲོ་གྲོན་ནས་དགོས་དངུལ་སྒོར་ས་ཡ་ ༡༧༥༡་༢༣ ལས་ཁུངས་སོ་སོའི་ཟུར་བཀོལ་ནས་གཏོང་རྒྱུ་དང༌། སྒོར་ས་ཡ་ ༤༨༧་༦༠ སྔོན་རྩིས་མ་དངུལ་ནས་གཏོང་རྒྱུ་ ༼ཡིག་ཆ་ ཉ༽ འཆར་འབུལ་ཞུས་ཡོད་པ་བཅས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ང་གཉིས་པ་དང༌། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང༌། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་བརྒྱད་པའི་དགོངས་དོན་ལྟར་གཏོང་ལེན་བཀའ་འཁྲོལ་གཏན་འབེབས་ཡོང་བ་ཞུ་རྒྱུ་ཡིན།
༦་༠ མཇུག་བསྡོམས།
ཀ༽ བོད་མིའི་སྒྲིག་འཛུགས་ཀྱི་ལོ་རེའི་སྔོན་རྩིས་འགོད་འབུལ་གྱིས་གཙོས། སྒྲིག་འཛུགས་ཀྱི་དགོས་དངུལ་འདུ་འགོད་དང་འགྲོ་གྲོན་སྟངས་འཛིན་གྱི་ལས་དོན་ཐོག་ཐུགས་འཁུར་རོགས་འདེགས་རྒྱུན་མཐུད་ནས་གནང་བར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་དབུས་བཀུར་འོས་སྤྱི་འཐུས་རྣམ་པ་དང༌། ལས་ཁུངས་ཁག་གི་དྲུང་ཆེས་གཙོས་དབུས་དང་ཕྱོགས་མཐའི་ལས་བྱེད་རྣམས་པ། ས་གནས་བོད་རང་དབང་ལྡན་པའི་ལས་འགུལ་ཚོགས་ཆུང་དང་ཕྱི་རྒྱལ་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རིགས་ཚོགས་པ་བཅས་ཚང་མར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་འདི་བོད་མིའི་ཆིག་བསྒྲིལ་གྱི་གོང་བུའི་ནུས་པ་མཚོན་པའི་སྤྱི་པའི་སྒྲིག་འཛུགས་ཤིག་ཡིན་སྟབས་བོད་དོན་བདེན་མཐའ་མ་གསལ་གྱི་བར་སྲ་བརྟན་དང་ཚགས་ཚུད་རྒྱུན་གནས་དགོས་པ་ལྟར་ཚང་མས་འབད་འབུངས་དགོངས་བཞེས་མུ་མཐུད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། བོད་མིའི་བླ་ན་མེད་པའི་མགོན་སྐྱབས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། བོད་ནང་བཙན་གནོན་དང་ཛ་དྲག་གི་གནས་སྟངས་མྱུར་དུ་ཞི་ཞིང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའྀ་སྨོན་འདུན་བཅས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས། རྩིས་ལོ་ ༢༠༡༦་་༡༧ ལོའི་སྔོན་རྩིས་གཏམ་བཤད་དུ། བོད་རྒྱལ་ལོ་ ༢༡༤༣ ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༣ ཚེས་ ༢༡ ཉིན་ཕུལ།། །།