ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༡ ནས་ཕྱི་ཚེས་ ༢༣ བར་ཉིན་གྲངས་གསུམ་རིང་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་བཤད་གྲྭའི་ཚོམས་ཆེན་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་དང་གདན་ས་དཔལ་སྤུངས་ཤེས་རབ་གླིང་གིས་མཐུན་འགྱུར་རམ་འདེགས་འོག་ཐེངས་གཉིས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བགྲོ་གླེང་ཐེངས་གཉིས་པ་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་སྐྱབས་རྗེ་བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་དྲུང་འཕར་ལུང་རྟོགས་ལགས། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་གདན་ས་གྲྭ་ཚང་ཁག་ནས་མཁས་དབང་ ༡༥ གཙོ་བོར་གྱུར་བའི་རྒྱ་བལ་འབྲུག་གསུམ་དང་དཔལ་སྤུངས་ཤེས་རབ་གླིང་བཅས་ནས་ཚོགས་ཞུགས་གནང་མཁན་ཁྱོན་གྲྭ་བཙུན་ཁྱོན་བསྡོམས་ཞལ་གྲངས་ ༢༠༠ ལྷག་ལྷན་འཛོམས་ཀྱིས་ཐོག་མར་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་སྐྱབས་རྗེ་བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ཚོམས་ཆེན་ཁང་དུ་སྤྱན་རྒྱ་སྤོས་སྣེ་དང་བཅས་གདན་འདྲེན་ཞུས་གྲུབ་བསྟུན། སྐུ་མགྲོན་རྣམ་གཉིས་ནས་སྣང་གསལ་ཞལ་འབྱེད་གནང་སྟེ་མཛད་སྒོ་དབུ་འཛུགས་གནང་། དེ་རྗེས་དཔལ་སྤུངས་ཤེས་རབ་གླིང་གི་དབུ་མཛད་འཕྲིན་ལས་འཇིགས་མེད་ལགས་ཀྱིས་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་བྱེད་སྨོན་ལམ་གསུང་འདོན་གནང་བསྟུན། རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཕེབས་བསུ་དང་ལྷན་ཚོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་དོན། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་བགྲོ་གླེང་ཐེངས་གཉིས་པ་དཔལ་སྤུངས་ཤེས་རབ་གླིང་དུ་དབུ་འཛུགས་གནང་བཞིན་ཡོད། དབུ་འབྱེད་ཀྱི་མཛད་སྒོར་ཕེབས་པའི་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་སྐྱབས་རྗེ་བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེས་དབུས་པའི་ས་གནས་ཁག་ནས་ཕེབས་པའི་དགེ་འདུན་པ་རྣམ་པ་དང་མཁས་དབང་རྣམ་པ། དེ་བཞིན་སེར་སྐྱ་ཕོ་མོ་ཡོངས་ལ་ངས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཆབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྩ་བའི་དེ་རིང་དབུ་འབྱེད་ཀྱི་མཛད་སྒོ་འདི་བཞིན་དེ་རིང་སྔ་དྲོ་འཚོགས་རྒྱུ་ཡིན་ནའང། རིན་པོ་ཆེ་མཆོག་རྡ་སར་༸སྐྱབས་མགོན་རིན་པོ་ཆེ་མཆོག་མཇལ་ཁར་བཅར་བ་དང་། དེ་བཞིན་དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་གྲོས་ཚོགས་དབུ་འཛུགས་གནང་བར་བརྟེན་ང་རང་དེར་བཅར་བ་ཡིན། གལ་ཏེ་དེར་མ་བཅར་བ་ཡིན་ན་ཆོས་རིག་བཀའ་བློན་གྱི་ཞབས་སྟེགས་སྟོང་པ་ལྷག་པ་ཡིན་ན་དེང་སྐབས་འཛམ་གླིང་མིས་དོ་སྣང་ཆེན་པོ་གནང་གི་ཡོད་སྟབས། དེ་ཡང་ཏག་ཏག་མ་བསྡད་པ་ལྟ་བུ་ཞིག་འདུག དེར་བརྟེན་ཆུ་ཚོད་ ༡༡ གསོལ་ཇའི་བར་གསེང་ལ་དགོངས་པ་ཞུས་ཏེ་འདིར་བཅར་བ་ཡིན། དུས་ཚོད་ཕྲན་བུ་ཕར་འགྱངས་བྱས་དགོས་བྱུང་བར་བཟོད་གསོལ་ཞུ་རྒྱུ་ཡིན།
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་འབོད་སྐུལ་ཞུས་པ་ལྟར། གདན་ས་ཁག་དང་། བཤད་གྲྭ། དགོན་སྡེ་ཁག་ནས་འཐུས་མི་མང་པོ་ཞིག་མཁས་པའི་བགྲོ་གླེང་ནང་མཉམ་ཞུགས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་བཞིན་དཔལ་སྤུངས་ཤེས་རབ་གླིང་དགོན་པར་མཐུན་རྐྱེན་གནང་རོགས་ཞུས་པ་ལྟར་མཐུན་རྐྱེན་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།དེ་རིང་དཔལ་སྤུངས་ཤེས་རབ་གླིང་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཐེངས་གཉིས་པ་འཚོགས་བཞིན་ཡོད། ཆོས་རིག་ལས་ཁུངས་ངོས་ནས་བགྲོ་གླེང་ལྷན་ཚོགས་འདི་གལ་ཆེན་པོ་རྩི་བཞིན་ཡོད། ཆོས་རིག་ལས་ཁུངས་ནས་དེ་ལྟར་གོ་སྒིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་གཉིས་ཡོད། དམིགས་ཡུལ་དང་པོ་ནི། ཆོས་བརྒྱུད་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་ཟེར་རྒྱུ་དེ་འདྲའི་གོ་རྟོགས་སྤེལ་རེས་བྱེད་རྒྱུ་དང་། རྩ་བའི་བསྟན་པ་གཅིག་གི་རྗེས་འཇུག་གི་སློབ་མ་ཡིན་པ། གཙོ་བོ་དེ་ཆོས་ཀྱི་ངོ་བོ་ཤཱཀྱ་ཐུབ་པའི་བསྟན་པར་ངོ་ཤེས་པའི་ཐོག་ནས་འདས་པའི་རིང་སོ་སོའི་ཆོས་བརྒྱུད་གང་འདྲ་ཞིག་ངོས་འཛིན་བྱས་ནས་ཆོས་ཉམས་ལེན་གནང་གི་ཡོད་ན། དེ་ལ་ལེགས་གསོལ་ཞུ་རྒྱུ་དང་། གཙོ་བོ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྔ་རབས་ནས་སོ་སོའི་མཁས་པས་སྐབས་དང་དུས། མོས་པར་གཟིགས་ནས་བསླབ་པ་སློབ་གཉེར་གནང་སྟངས་རེད། མཛད་སྒོ་ཚུགས་སྟངས་རེད། དེ་བཞིན་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་གི་ཡང་སྲིད་འཁྲུངས་རྒྱུ་དང་། བསྒྲུབ་རྒྱུ་དེ་དག་གཞི་ཡོད་པ་དང་། བསྲེས་ལྷད་མེད་པ། དེ་དག་ལ་འགྱུར་བཅོས་མེད་པའི་ཐོག་ནས་བསྟན་པ་གཅིག་གི་རྗེས་འཛིན་ཕན་ཚུན་གོ་རྟོགས་སྤེལ་རེས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སྤྱིར་ཕྱི་ལོ་ ༢༠༠༦ ལོར་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ནོར་གླིང་དུ་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པའི་ཚོགས་འདུར་སྩལ་བའི་བཀའ་སློབ་དེ་ཚང་མས་གསན་ཡོད་ངེས་རེད། སྐབས་དེར་༸གོས་ས་མཆོག་གིས། སྔ་དུས་བོད་དུ་ཆོས་བརྒྱུད་ཁག་གི་དབུ་བླ་བསྟན་བདག་རྣམ་པས་སོ་སོའི་དགོན་སྡེ་དང་བླ་བྲང་ལ་འཛིན་སྐྱོང་ཤུགས་ཆེ་གནང་སྟེ་བཞུགས་ནས་བོད་བསྟན་སྲིད་མི་རིགས་དང་། བོད་བསྟན་པ་སྤྱི་ལ་ཕན་པའི་བཀའ་བསྡུར་གནང་རྒྱུའི་ལམ་ལུགས་སྲོལ་མེད། དེ་རིང་ང་ཚོ་རྐྱེན་ངན་གྲོགས་ཤར་ཟེར་ནའང་མ་འགྲིག་པ་མེད་པ་ཆོས་བརྒྱུད་ཁག་གི་བསྟན་བདག་དབུ་བླ་བླ་ཆེན་རྣམ་པ་བཞུགས་ཁྲིའི་སྟེང་ནས་མར་འབབ་སྟེ་ཞབས་སྟེགས་སྒང་བཞུགས་ནས་བོད་བསྟན་སྲིད་མི་རིགས་དང་། སྤྱིར་བསྟན་པའི་སྒྲུབ་པ་ཉམས་ལེན་བྱེད་སྟངས། ཡར་རྒྱས་གོང་སྤེལ་གཏང་ཕྱོགས་སྐོར་བཀའ་བསྡུར་གནང་རྒྱུའི་གོམས་གཤིས་དང་། ལམ་ལུགས་སྲོལ་ཆགས་པ་འདི་ཧ་ཅང་གི་ཡག་པོ་རེད། ཅེས་བཀའ་སློབ་སྩལ་ཡོད། ང་ཚོས་ཀྱང་དེ་བཞིན་དྲན་གྱི་འདུག སྔ་མོ་ཡིན་ན་ང་ཚོ་སོ་སོའི་ཆོས་བརྒྱུད་ནང་ཕན་ཚུན་དང་། བོད་གངས་ཅན་གྱི་མི་རིགས་གཅིག་ཡིན་པ། བོད་གངས་ཅན་དུ་སོ་སོའི་སྒྲུབ་པ་དང་། སྒྲུབ་པ་ཉམས་ལེན་བྱེད་སྟངས། སོ་སོའི་ལམ་ལུགས་སྲོལ་ཡོད་པ་དེ་དག་བཞག་ནས་འཛོམས་ཏེ་གྲོས་བསྡུར་བྱས་ནས་བསྟན་པ་གཅིག་གི་རྗེས་འཇུག་ཡིན་པ། མ་འོངས་པར་ཡར་རྒྱས་གོང་སྤེལ་སླད་གང་ས་ཅི་ཐད་ནས་རུབ་རུབ་བྱས་ནས་བཀའ་བསྡུར་གནང་རྒྱུ་དེ་མེད་སྟབས། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ཆེན་པོ་བོད་ནང་སྔ་མོ་ནས་དར་ཡོད་པ་དེ་གསལ་བཤད་ཞུ་མི་དགོས་པར་ཚང་མས་མཁྱེན་གསལ་རེད་དྲན་གྱི་འདུག
དེར་བརྟེན་སོ་སོའི་ལུང་པ་སོ་སོས་བདག་པོ་བརྒྱབ་མ་ཐུབ་པར་མིའི་ལག་ཏུ་ཤོར་བ་དེ་འདི་ལྟ་བུའི་དགོངས་པ་བཞེས་མ་ཐུབ་པ་དང་། མཉམ་རུབ་གནང་མ་ཐུབ་པ། སྤྱི་པའི་རྩ་དོན་ཐོག་གོ་བསྡུར་མ་གནང་བར་བརྟེན་བྱུང་བ་རེད་དྲན་གྱི་འདུག ཅེས་དང་། ཡང་མུ་མཐུད་ཆོས་རིག་བཀའ་བློན་མཆོག་གིས་༸གོང་ས་མཆོག་གི་བཀའ་དགོངས་བཞིན་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་དགོས་པ་དང་། འཛམ་གླིང་མི་ཚོས་དོ་སྣང་བྱེད་ས་དང་ང་ཚོར་ཚུར་འཁོར་རྒྱུ་དེ་ཡང་ནང་ཆོས་ལ་བརྟེན་ནས་འཁོར་གྱི་ཡོད་སྐོར། བོད་གངས་ཅན་ལྗོངས་ཀྱི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དགོངས་བཞེས་བརྒྱ་ཆེན་པོ་བཞེས་པ་ལ་བརྟེན་ནས་འཛམ་གླིང་ཡུལ་གྲུ་གང་སར་ནང་ཆོས་ཀྱི་བསྟི་གནས་བརྒྱད་རྒྱ་ལྷག་ཡོད་པ། དེ་ཡང་གཙོ་བོ་འཛམ་གླིང་འདིའི་སྟེང་ནང་ཆོས་ཆེ་ཆེར་དར་ཁྱབ་བྱུང་བ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ཡིན་པ་དང་། ང་ཚོར་ངོམ་རྒྱུ་ནང་ཆོས་ལས་གཞན་གང་ཡང་མེད་པར་བརྟེན་ནང་ཆོས་ཐོག་བསླབ་པ་སློབ་གཉེར་ཚད་དང་ལྡན་པ་ཞིག་དགོས་རྒྱུ་གལ་ཆེ་ཡིན་པ། སངས་རྒྱས་པའི་བསྟན་པ་གནས་པར་དགེ་འདུན་གྱི་སྡེ་ལ་ཐུག་པར་བརྟེན་དགེ་འདུན་པ་རྣམས་སྐུ་ཁམས་བདེ་ཐང་དང་། སློབ་གཉེར་ཡག་པོ་ཡོད་དགོས་པ། ལྷག་པར་འཕྲོད་བསྟེན་ཐོག་དོ་སྣང་ཆེ་བཞེས་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་མཆོད་བརྗོད་སྔོན་དུ་བསུས་ཏེ་གསུང་བཤདགནང་དོན། ཆོས་རིག་བཀའ་བློན་མཆོག་དང་། དྲུང་ཡིག་རྣམ་པ། གཞན་ཡང་དབུ་ཁྲིད་རྣམ་པ། དེ་རིང་ཆོས་རིག་ལས་ཁུངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་པའི་ཆོས་ཀྱི་བགྲོ་གླེང་ཐེངས་གཉིས་པའི་ཐོག་ཕེབས་པའི་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པ། མཁས་དབང་རྣམ་པ། དགེ་བཤེས། མཁན་པོ། བླ་མ་བཅས་ཚང་མར་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུ་བགྲོ་གླེང་མཛད་སྒོ་ཚོགས་ཐུབ་པ་འདི་ཡང་ཆོས་རིག་ལས་ཁུངས་ནས་འབྲེལ་བ་གནང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ། བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་འདེགས། སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་སུ་ནང་པ་སངས་རྒྱས་པའི་བསྟན་པ་བཅས་ཐམས་ཅད་ལ་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་ཡག་པོ་ཞིག་རེད་བསམས་པའི་ཐོག་ནས་རྗེས་སུ་ཡི་རང་ཞུ་རྒྱུ་དང་། བཀའ་བློན་མཆོག་དང་ལས་བྱེད། མཁན་བླ་རྣམ་པ་འདིར་ཕེབས་པར་འབྱོན་པ་ལེགས་སོ་ཞེས་ཞུ་རྒྱུ་ཡིན། གདན་ས་འདི་དང་འབྲེལ་བ། ཆོས་ཀྱི་མཛད་སྒོ་འདི་དང་འབྲེལ་བ། ད་ལྟ་ཆོས་རིག་བཀའ་བློན་མཆོག་གི་གསུངས་པའི་སྙིང་དོན་དང་འབྲེལ་བ། ད་ལྟ་ཆོས་རིག་བཀའ་བློན་མཆོག་གིས་གསུངས་པ་དེའི་གཞི་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དང་དགོངས་པ། དེར་གཞིར་བཞག་དང་དེ་དང་མཐུན་པ། དེ་ཚོའི་ཐོག་ལ་ཧ་ཅང་ལན་པོ་དང་འཚམས་པོ། དེ་བཞིན་གལ་ཆེན་པོ་ཞིག་ཚང་མ་འདིར་འཛོམས་ཡོད་པ་ཞིག་ངོས་ནས་མཐོང་སོང་བར་བརྟེན་དེ་འདྲ་ཞིག་ཞུ་ན་བསམས་སོང་།
གང་ཡིན་ཟེར་ན། རྩ་དོན་གྱི་ཐོག་ནས་གང་ཡང་ཞུ་དགོས་པ་མེད། གདན་ས་འདི་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་ཞེས་བརྗོད་ནས་ལོ་བཞི་བཅུ་ཙམ་གྱི་རིང་ལ་ཞབས་འདེགས་ཞུ་མཁན་ཚོ་རེད། སྦྱིན་པའི་བདག་པོ། དེ་བཞིན་ངོས་རང་ཡིན་ནའང་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་ཡིན་ཟེར་ནས་མངའ་གསོལ་གཟེངས་བསྟོད་གནང་ཚར་བ་རེད། ཡིན་ནའང་ང་རང་སོ་སོའི་ཐོག་ནས་བསམ་བློ་གང་འདྲ་ཞིག་ཡོད་ཟེར་ན། རྒྱལ་ཚབ་བྱམས་པ་མགོན་པོ། གུ་རུ་རིན་པོ་ཆེ། མངའ་བདག་མར་པ་ལོ་ཙྭ་བ། འགྲོ་མགོན་རིན་ཆེན། ལོ་སུམ་བརྒྱའི་སྔོན་ལ་སི་ཏུ་པཎ་ཆེན་ཁོང་རྣམ་པའི་མཛད་པ་མཛད་པའི་ཆ་ཤས་ལ་ཨེ་ཐོན་མེ་ཐོན་གྱིས་ཉམས་པ་སོར་ཆུད། མི་ཉམས་གོང་སྤེལ་གྱིས་ཞབས་འདེགས་ཞུ་མཁན་ཞིག་ཡིན་བསམས་པ་དང་། བསོད་ནམས་ཆེན་པོ་ཡིན། སྐལ་བ་བཟང་པོ་ཡིན་བསམས་པ་ལས་ང་ཆེན་པོ་ཞིག་ཡིན་བསམས་པ་དང་། ང་ཏཱའི་སི་ཏུ་ཡིན་ཞེས་རྩ་བ་ཉིད་ནས་བསམས་ཀྱི་མེད།
དེ་ཡང་སྙིང་ཐག་པ་ནས་ཞུ་གི་ཡོད། གལ་སྲིད་དེ་སྙིང་ཐག་པ་ནས་མིན་ན་ངས་མི་ཆོས་བླ་མའི་རྫུན་བཤད་པ་རེད། དེ་འདྲ་བྱས་ན་ངོས་རང་ད་ལྟ་ཡར་ལང་གིན་རྫུན་བཤད་ན་ཚར་ཚར་བ་རེད། དེར་བརྟེན་ངས་བདེན་པ་བྱས་ནས་ཞུ་གི་ཡོད། ཅེས་བླ་མ་དགོངས་པ་རྣམས་ཀྱི་མཛད་རྗེས་དང་དགོངས་པ། དེ་བཞིན་བརྒྱུད་པ་བཅས་ཀྱི་སྐོར་རྒྱས་བཤད་གནང་གྲུབ་རྗེས་རིན་པོ་ཆེ་མཆོག་གིས་མུ་མཐུད་གསུང་དོན། དེ་རིང་ཁྱེད་རྣམ་པ་འདིར་ཕེབས་པ་དང་། འདིར་ཕེབས་པ་དེ་ཡང་༸གོང་ས་༸སྐྱབས་གོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གིས་ཚོགས་ཡུལ་དེ་ཡང་གདན་ས་དཔལ་སྤུངས་ཤེས་རབ་གླིང་གིས་མཐུན་རྐྱེན་སྦྱར་ནས་གདན་ས་འདིར་ཚོགས་ཐུབ་པ་ནི། རྟགས་དང་རྟེན་འབྲེལ་བཟང་པོ་ཞིག་རེད་ལ། སི་ཏུ་པཎ་ཆེན་གྱི་དགོངས་པ། དེ་བཞིན་པདྨ་ཉིན་འབྱེད་དབང་པོའི་དགོངས་པའང་རེད།
དེ་བཞིན་དཔལ་ཀུན་སྤུངས་པ་ཞེས་པ་དེའི་མིང་དང་དོན་གཉིས་མཚུངས་པ་ཞིག་ཀྱང་རེད། དེར་བརྟེན་ངོས་རང་སྙིང་ཐག་པ་ནས་ཧ་ཅང་གི་དགའ་པོ་དང། བློ་བདེ་པོ། ཡིད་ཚིམས་པོ་བྱུང་སོང་། དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རེད། དེ་བཞིན་ཆོས་རིག་ལས་ཁུངས་ཀྱིས་ང་ཚོ་ཚང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པར་མཇུག་མཁན་གཅིག་གྱུར་ཡིན་པའི་ཆ་ནས་དམ་ཚིག་ལ་བརྟེན་ནས་འདིར་འཛོམས་པ་ཞིག་རེད། དེར་བརྟེན་ཐོག་མར་འབྱོན་པ་ལེགས་སོ། །ད་ལྟ་འཛོམས་པ་ལེགས་སོ། ། སྤྱིར་ཉིན་མ་གསུམ་གྱི་ནང་འཐུས་སྒོ་ཚང་བ་ཞིག་ཡོང་ཐུབ་པར་དཀའ་ཡང་། ཉིན་གསུམ་རིང་ཁྱེད་རྣམ་པས་གོ་བསྡུར་གནང་རྒྱུ་དེ་དབུ་མའི་སྐོར་ལ་ཡིན་པར་བརྟེན། དབུ་མ། ཤེར་ཕྱིན། མངོན་པ། ཚད་མ། འདུལ་བ། རྒྱུད་བཅས་ཀྱི་སྐོར་དེ་དག་ནང་པ་སངས་རྒྱས་པའི་རྩ་བའི་ཆོས་ཀྱི་བསྡོམས་དེ་དེ་འདྲ་ཆགས་ཡོད། བོད་ནང་པ་སངས་རྒྱས་པ་ཞེས་བརྗོད་དུས་འགའ་ཤས་ཀྱིས་བོན་དེ་མ་ཚུད་པ་འདྲ་བོ་མཐོང་གི་ཡོད་པ་འདྲ་རུང་། ངོས་ནས་དེ་འདྲ་མཐོང་གི་མེད། ངས་བོན་པོ་བླ་མའི་དྲུང་ནས་བཀའ་ཆོས་ཞུ་མ་མྱོང་། བོན་ཀྱི་ཆོས་ཚིག་གཅིག་གི་བརྒྱུད་པའང་མེད། འོན་ཀྱང་དཔེ་ཀློག་བརྒྱབ་ནས་བོན་གྱི་དཔེ་ཆ་དེ་འདྲ་མཇལ་མྱོང་། ཁྱད་པར་ཚིག་གི་ཐོག་ནས་ཆོས་དང་བོན། སྟོན་པ་ལ་སྟོན་པ་ཤཀྱཱ་ཐུབ་པ་དང་སྟོན་པ་གཤེན་རབ་ཅེས་ཞུས་པ་དང་། ལོ་ཚིགས་བཅས་ཀྱི་ཆ་ནས་ཁྱད་པར་ཆེན་པོ་ཡོད་པ་དེ་འདྲ་ངོས་ནས་མཐོང་མ་སོང་།
ངོས་ཀྱིས་བོན་པོར་སྤྲེལ་ལད་བཤད་པ་དེ་འདྲ་མིན། ངོས་རང་ནས་གང་ཤེས་པ་དེ་ཞུ་གི་ཡོད། གང་ལྟར་རྫོགས་པ་ཆེན་པོ། དབུ་མ། འདུལ་བ་བཅས་ཚང་མ་འདུག བོན་གྱི་བཀའ་འགྱུར་ལ་བརྒྱ་ཕྲག་མང་པོ་ཡོད། དེ་འདྲ་ཡིན་དུས་བཀའ་འགྱུར་བརྒྱ་ཕྲག་མང་པོ་རེད། ཆོས་ཧ་ཅང་གི་ཕྱུག་པོ་ཡོད། ད་ལྟ་ཡོད་པའི་བོན་དེ་ངོས་ནས་ནང་པ་དང་ཁྱད་པར་རྩ་བ་ནས་ཡོད་པ་ཞིག་མཐོང་གི་མི་འདུག ངོས་ནས་བོན་དེ་བཞིན་ནང་པ་སངས་རྒྱས་པའི་གྲལ་དུ་བཞག་གི་ཡོད། ནང་པ་དང་ཕྱི་པ་ཞེས་པའི་ཁྱད་པར་ཞིག་ཡོད། ཕྱི་པ་ཞེས་བརྗོད་སྐབས་ང་ཚོ་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་མཁན་ཤ་སྟག་ཡིན། སྡུག་བསྔལ་མི་འདོད་པ་དེ་སུས་བཟོས་པ་རེད་ཟེར་ན། བདག་འཛིན་གྱིས་བཟོས་པ་ཞིག་རེད། བདག་འཛིན་ཉོན་མོངས་པའི་དབང་དུ་སོང་ནས་ང་རྒྱལ། ཕྲག་དོག བཅས་ཀྱིས་ལས་ངན་པ་བསགས་པ་ལ་བརྟེན་ནས་སྡུག་བསྔལ་བྱུང་གི་ཡོད། སྡུག་བསྔལ་སེལ་བའི་ཐབས་དེ་ང་རང་ཚོའི་ལག་ཏུ་ཡོད། དེ་ཡང་སྡིག་པ་སྤངས། དགེ་བསྒྲུབ་པ་ཡིན་ན་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན་པ་ཞིག་ཡོང་ཐུབ། ང་ཚོར་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་འགོ་འཕང་རིན་པོ་ཆེ་ཐོབ་དགོས་པ་རེད། དང་པོ་ངན་སོང་ལས་མཐར་དགོས་པ་དང་དེ་ནས་འཁོར་བ་ལས་མཐར་དགོས། མཐར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས། དེ་འཐོབ་པའི་ཐབས་ང་རང་ཚོའི་ནང་ལ་ཡོད། རང་སེམས་སངས་རྒྱས་ཡིན་པ་ངོ་མ་ཤེས། །གདམས་ངག་བདུད་རྩི་ཡིན་པ་དོན་མ་རྟོགས། །
དེ་འདྲ་བྱས་ནས་ང་ཚོ་འཁོར་བར་འཁྱམས་ཀྱི་ཡོད། རྒྱུ་མཚན་དེར་བརྟེན་ནས་བཟང་ངན་གཉིས་ཀ་ང་རང་ཚོའི་ནང་ནས་ཡོང་གི་ཡོད། ང་ཚོ་འཁོར་བ་ནས་ཐར་པའི་ཐབས་དང་མན་ངག་ཡོངས་རྫོགས་ནང་ལ་ཡོད། མཐར་ཐུག་གི་འབྲས་བུ་དེ་ནང་གི་དེ་ཁོ་ན་ཉིད་མངོན་དུ་འགྱུར་ཐུབ་ན་སངས་རྒྱས་པ་རེད། དེ་མིན་སངས་རྒྱས་ཞེས་བརྗོད་སྐབས་ཕྱི་ན་ཡོད་པ་ཞིག་བརྩིས་ནས་འགྲོ་ན་སངས་རྒྱས་རྒྱུ་དེ་འདྲ་མེད། དེར་བརྟེན་ནང་པ་ཞེས་བརྗོད་སྐབས་ནང་གཙོ་བོར་བྱས་ནས་གསུངས་པར་བརྟེན། དེ་ལ་ནང་པ་ཞེས་བརྗོད་པ་ཞིག་ཡིན་སྟབས། དེ་རིང་འདིར་འཛོམས་པ་ཚང་མ་ངས་བསམས་པར་ནང་པ་ཡིན་བསམས་ཀྱི་འདུག ནང་པ་ཡིན་ཞེས་ནང་སེམས་ཀྱི་ཐོག་ནས་ང་རྒྱལ། འདོད་ཆགས། ཆོས་ལུགས་ཕན་ཚུན་ཅི་ཐུབ་གང་ཐུབ་ཀྱིས་ཕྱོགས་རིས་དང་མར་འཐེན་གང་ཐུབ་བྱས་པ་དེ་དག་ནང་པའི་རྣམ་པ་ཙམ་རེད་མ་གཏོགས་ནང་པ་ངོ་མ་མ་རེད།
དེ་རིགས་ནང་པའི་ཆོས་མི་ཤེས་མཁན་ལས་ཀྱང་ཧ་ཅང་གི་སྡུག་གི་རེད། ཁྱེད་རྣམ་པ་ཐུགས་སྤྲོ་པོ་ཡོང་བ་དང་། བགྲོ་གླེང་དེ་བཞིན་དོན་ལ་སྨིན་ཐུབ་པ། དེ་བཞིན་རྒྱ་མཚོ་དང་ནམ་མཁའ་ལྟ་བུའི་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཞིག་གནང་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་གི་ཡོད། ཅེས་གསུང་བཤད་གནང་རྗེས་ཆོས་རིག་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱི་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཐེངས་འདིའི་དབུ་འབྱེད་མཛད་སྒོ་ལེགས་པར་མཇུག་སྒྲིལ། སྤྱིར་ཐེངས་འདིའི་བགྲོ་གླེང་ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་སྐོར་ཡིན་འདུག་པ་བཅས། །