ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །བསྟན་འཛིན་རིག་གྲོལ་ནས་ཕྱི་ལོ་ ༢༠༠༠ ལོར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཀོ་ཏ་(Kolkata)ཀུན་དགའ་ཟ་ཁང་གི་འགན་འཛིན་དང་དངུལ་གཉེར་གཅིག་ལྕོགས་ལས་ཐོག་སྐབས་རྩིས་ཞིབ་སྙན་ཐོའི་ནང་ཁོ་པའི་མིང་ཐོག་གཞུང་དངུལ་ཧིན་སྒོར་༩༤༨༠༠༠་༠༠༼དགུ་འབུམ་བཞི་ཁྲི་བརྒྱད་སྟོང་། ༽རྩིས་ཆད་ཐོན་ཡོད་པ་ནས་ཧིན་སྒོར་ ༢༠༥༦༢༤་༣༩ སྒྲུབ་འབུལ་ཞུས་ཡོད་པ་དང་། འཕྲོས་ཧིན་སྒོར་ ༧༤༢༣༧༥་༦༡༼བདུན་འབུམ་བཞི་ཁྲི་ཉིས་སྟོང་སུམ་བརྒྱ་བདུན་ཅུ་དོན་ལྔ་དང་པད་རེ་གཅིག༽རྩིས་གཙང་ཞུ་བསྡད་ཡིན་པ་དོ་བདག་ནས་རྩིས་ཆད་སྒྲུབ་འབུལ་ཞུ་རྒྱུའི་གན་ཡིག་སྔ་རྗེས་བཞག་པ་བཞིན་འདི་ནས་སྔ་བར་ཕྱི་གསུམ་དུ་ཡིག་ངག་གཉིས་ཐོག་ནས་བརྡ་འདེད་ཞུས་ཀྱང་། བརྩི་བཀུར་དང་ལེན་མ་བྱུང་བས་ཡོང་བསྡད་རྩིས་གཙང་བྱུང་མེད། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡༤ འཁོད་བོད་མིའི་རང་དབང་གསར་ཤོག་དོན་ཐེངས། ལོ་ ༨ ཨང་ ༤༠ ནང་དངུལ་ཆད་ཆ་ཚང་འདི་གར་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༣༠ འགྱངས་མེད་རྩིས་འབུལ་དགོས་པ་དང་། ཅི་སྟེ་དུས་ཚོད་རྒྱས་བཅད་ནང་ཚུན་རྩིས་གཙང་མ་བྱུང་ཚེ་སྤྱི་དངུལ་སྒེར་ཟས་བྱས་པའི་གསལ་བསྒྲགས་བྱ་རྒྱུ་ཡིན་ཞེས་གསལ་པོར་བཀོད་ཡོད་ཀྱང་། དུས་བཀག་ནང་ཚུན་དངུལ་ཆད་རྩིས་འབུལ་མེད་པ་མ་ཟད་དོ་བདག་ནས་ཡ་ལན་ཙམ་ཡང་བྱུང་མེད་པར་སོང་། བསྟན་འཛིན་རིག་གྲོལ་ནས་ཕྱི་ལོ་ ༢༠༠༦ ནས་བཟུང་དངུལ་ཆད་ཕྱིར་སློག་བྱ་ཐབས་གཏན་ནས་བྱས་མེད་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་ལ་སྣང་ཆུང་རྩིས་མེད་བྱས་པར་ངོས་འཛིན་གྱིས་ཧིན་སྒོར་༧༤༢༣༧༥་༦༡༼བདུན་འབུམ་བཞི་ཁྲི་ཉིས་སྟོང་སུམ་བརྒྱ་བདུན་ཅུ་དོན་ལྔ་དང་པད་རེ་གཅིག༽སྤྱི་དངུལ་སྒེར་ཟས་བྱས་ཡོད་པས། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ ནས་བཟུང་དཔལ་འབྱོར་ལས་ཁུངས་ཀྱི་ཀོ་ཏ་(Kolkata)ཀུན་དགའ་ཟ་ཁང་གི་འགན་འཛིན་དང་དངུལ་གཉེར་གཅིག་ལྕོགས་ཟུར་པ་བསྟན་འཛིན་རིག་གྲོལ་ལ་བོད་མིའི་སྒྲིག་འཛུགས་ནས་བོད་མི་སྤྱི་འགྲེ་ལྟར་ཕན་གྲོགས་ལྟ་སྐྱོང་བྱ་སྒོ་ཡོངས་རྫོགས་བཀག་བསྐྱིལ་བྱས་པའི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ ལ། །