༢༠༡༦ ཟླ་ ༣ ཚེས་ ༢༠ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༠ རེས་གཟའ་ཉི་མའི་ཉིན་བཙན་བྱོལ་བོད་མི་འདུས་སྡོད་བྱེད་སའི་ཡུལ་གྲུ་གང་སར་བོད་མི་ལོ་ན་བཅོ་བརྒྱད་ཡན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༦ པའི་སྤྱི་འཐུས་འོས་འདེམས་ཆེད་དངོས་གཞིའི་འོས་ཤོག་འཕངས་ཡོད།
དེ་ཡང་གོང་ཚེས་ཉིན་བཞུགས་སྒར་ཁུལ་དུ་སྔ་དྲོ་ཆུ་ཚོད་ ༩།༠༠ ནས་ཕྱི་དྲོ་ཆུ་ཚོད་ ༥ བར་འོས་ཤོག་འཕེན་རྒྱུའི་དུས་ཚོད་གཏན་འབེབས་ཀྱི་གསལ་བསྒྲགས་སྔོན་སོང་ལྟར། ཐེག་ཆེན་ཆོས་གླིང་གཙུང་ལག་ཁང་དང་། གངས་སྐྱིད། རྡ་སྟེང་བོད་ཁྱིམ། བཙུན་དགོན་ཤུག་གསེབ། ས་རཱ་བོད་ཀྱི་མཐོ་སློབ་ཁང་། ཤེས་རབ་དགའ་ཚལ་སློབ་གླིང་། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་། རྒྱུད་སྟོད་གྲྭ་ཚང་། རྡ་ཤོད་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ་བཅས་ས་ཚིགས་སོ་སོར་ཚ་ཚ་འུར་འུར་ངང་དངོས་གཞིའི་འོས་བསྡུ་ཆེན་མོའི་ནང་ཆ་ཤས་བླངས་ཡོད།
དེ་ཉིན་སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཙམ་ལ་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ཕེབས་ཏེ་འོས་འཕངས་རྗེས་གསར་འགོད་པས་ཁོང་ལ་འོས་བསྡུ་བརྒྱུད་རྒྱ་ནག་གཞུང་ལ་བརྡ་ལན་ཇི་ཡོད་ཀྱི་དྲི་བར་ལན་འདེབས་གནང་དོན། ༸གོང་ས་མཆོག་གིས་བཀའ་སྩལ་བ་ལྟར་འདས་པའི་ལོ་ ༦༠ ལྷག་རིང་གཡས་སྐྱོར་གཡོན་སྐྱོར་བྱས་ནས་ཡོང་བ་རེད། དམངས་གཙོའི་འཕེལ་རིམ་ཐོག་ད་བར་འགྱུར་བ་གང་ཕྱིན་པ་དེ་༸གོང་ས་མཆོག་ཉག་གཅིག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། རྒྱ་ནག་གཞུང་ལ་ང་ཚོ་བཙན་བྱོལ་ནང་མང་གཙོ་ཚད་དང་ལྡན་པ་ཞིག་གི་སྟེང་ལ་འགྲོ་བཞིན་ཡོད་ཟེར་ནས་བརྡ་ལན་སྤྲོད་རྒྱུ་དང་། མ་འོངས་པར་ཡང་མང་གཙོ་གོང་འཕེལ་གཏོང་རྒྱུ་དང་། མང་ཚོགས་ངོས་ནས་ཀྱང་འགན་ཤུགས་ཆེ་ཙམ་འཁུར་བའི་ཐོག་ནས་འཆམ་མཐུན་ཡོང་ཐུབ་པ་ཞིག་རེད། དེ་བཞིན། རྒྱ་ནག་གཞུང་གིས་ཀྱང་ང་ཚོའི་ཐོག་ནས་བསླབ་བྱ་ལེན་རྒྱུ་དང་། ལྷག་པར་དུ་རྒྱ་ནག་ནང་དམངས་གཙོ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ན། བོད་ནས་ འགོ་བཙུགས་ཏེ་དམངས་གཙོ་ལག་བསྟར་བྱེད་པའི་ལམ་ཁ་ཞིག་༧གོང་ས་མཆོག་གིས་འདོན་གནང་མཛད་ཡོད། ཅེས་སོགས་ལན་འདེབས་གནང་།
ཕྱོགས་མཚུངས་ཆུ་ཚོད་ ༡༠། ༤༠ ཙམ་ལ་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་ཕེབས་ཏེ་འོས་ཤོག་འཕངས་རྗེས་གསར་འགོད་པས་རྒྱ་ནག་གཞུང་ལ་བརྡ་ལན་ཇི་ཡོད་ཀྱི་དྲི་བར་ལན་འདེབས་གནང་དོན། རྒྱ་ནག་གཞུང་ལ་དེ་སྔ་ནས་བཤད་བསྡད་ཡོད། བོད་མིའི་སྒྲིག་འཛུགས་འདིར་༸གོང་ས་མཆོག་གིས་གསོལ་རས་གནང་པའི་མང་གཙོ་ལོ་ངོ་ལྔ་བཅུ་ང་གྲངས་རིང་ལག་བསྟར་བྱས་ནས་ཡོང་བ་རེད། རྒྱ་ནག་གཞུང་ལ་མཚོན་ན་ཡང་། རྒྱ་ནག་ནང་ཡིན་ན་རེད་ལ་བོད་ནང་ཡིན་ནའང་རེད། མང་གཙོ་ལག་བསྟར་གནང་ཐུབ་པ་ཞིག་རེད། གང་ཡིན་ཟེར་ན། ང་ཚོས་བཙན་བྱོལ་ནང་མང་གཙོ་ལག་བསྟར་བྱེད་ཐུབ་པ་ཡིན་ན་བོད་དང་རྒྱ་ནག་ནང་མང་གཙོ་ལག་བསྟར་བྱེད་ཐུབ་པ་ཞིག་རེད། ང་ཚོའི་མིག་དཔེ་བཟང་པོ་འདིར་གཟིགས་རོགས་གནང་།
རྒྱ་ནག་གཞུང་གིས་ང་ཚོའི་མང་གཙོ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། མཛུབ་མོ་གཅིག་ཕར་འཛུགས་སྐབས་མཛུབ་མོ་བཞི་ཚུར་ཟུག་ཡོད་པ་ཤེས་པ་གནང་རོགས། མང་གཙོ་ལག་བསྟར་བྱས་ན་རྒྱ་ནག་མི་མང་དང་བོད་མི་རྣམས་ལའང་ཕན་ཐོགས་ཡོང་ངེས་རེད། ཅེས་ཞུ་རྒྱུ་ཡིན། ཞེས་ལན་འདེབས་གནང་།
སྤྱིར་དེ་ཉིན་སྔ་དྲོའི་ཆུ་ཚོད་ ༩།༤༠ ཙམ་ལ་ཐེངས་འདིར་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ལས་རིམ་ཐོག་རྟོག་ཞིབ་ཆེད་འཇར་མན་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་དང་། ཕ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་དེ་རེ་གྷ་ཏོ་ལིན་ Andre Gattolin མཆོག ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཀོན་སིག་ལིའོ་ཌི་ནི་ནོ་ Consiglio Di Nino མཆོག ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ལི་ས་སིངྒ་ Lisa Singh མཆོག ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས Norman Baker མཆོག ཡུ་རོབ་གྲོས་ཚོགས་འཐུས་མི་ M. Laszlo Tokes མཆོག་གི་དྲུང་ཡིག་ལྕམ་ Zsuzsa Anna Ferenczy མཆོག་བཅས་དང་།
དེ་བཞིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མེ་ཐིའོ་མེ་ཀ་ཆི་ Matteo Mecacci མཆོག་དང་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་སོགས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། གངས་སྐྱིད། སྦིར་བོད་མིའི་གཞིས་ཆགས་བཅས་སུ་འོས་བསྡུའི་ལས་རིམ་ཇི་ལྟར་འགྲོ་བཞིན་ཡོད་མེད་རྟོག་ཞིབ་གནང་འདུག།