༢༠༡༦ ཟླ་ ༣ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༥ སྲིད་སྐྱོང་དང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ཉིན་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ཐོག་རྟོག་ཞིབ་སླད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཁག་གཅིག་རྡ་སར་ཆེད་ཕེབས་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཡོལ་ཙམ་ལ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། སྐབས་དེར་འཇར་མན་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་དང་། ཕ་རན་སིའི་གྲོས་ཚོགས་འཐུས་མི་ཨེན་དེ་རི་གྷ་ཏོ་ལིན་ Andre Gattolin མཆོག ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཀོན་སིག་ལིའོ་ཌི་ནི་ནོ་ Consiglio Di Nino མཆོག དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ལི་ས་སིངྒ་ Lisa Singh མཆོག གཞན་ཡང་ཨིན་ཡུལ་དང་ཨི་ཊ་ལི་བཅས་ཀྱི་གྲོས་ཚོགས་འཐུས་མི་ཟུར་པ་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་ M. Laszlo Tokes མཆོག་གི་དྲུང་ཡིག་ལྕམ་ Zsuzsa Anna Ferenczy མཆོག ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཟུར་པ་ནོར་མན་བྷེ་ཀར་ Mr. Norman Baker མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མ་ཐིའོ་མ་ཀ་ཆི་ Matteo Mecacci མཆོག་དང་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། ཕྱི་ནང་གི་གསར་འགོས་པ་བཅས་ཚང་འཛོམས་ཀྱིས་ཐོག་མར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་མ་ཐིའོ་མ་ཀ་ཆི་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་གྲུབ་རྗེས།
ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མན་མཆོག་གིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་བའི་ནང་། སྐུ་ཚབ་རྣམ་པས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་བསྔགས་བརྗོད་གནང་བ་དང་ཆབས་ཅིག བཙན་བྱོལ་བོད་མི་རྣམས་ཀྱིས་ཐེངས་འདིར་འོས་བསྡུའི་ལས་རིམ་ནང་ཚ་ཚ་འུར་འུར་གྱིས་ཆ་ཤས་བླངས་ཏེ་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་གསལ་ཆེད་མང་གཙོའི་ལམ་ལུགས་འོག་ཆབ་སྲིད་ཀྱི་ཐབས་ལམ་འདི་འདྲ་ཞིག་ཡོད། ཅེས་བརྡ་ལན་སྤྲོད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་གཅིག་བསྡུས་དབང་འཛིན་གྱི་ལམ་ལུགས་མཁྲེགས་བཟུང་ཐོག་བོད་ནང་དུ་བོད་མིའི་ངོ་བོར་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད། བོད་མི་རྣམས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་དྲུག་ཙམ་ནས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་དོན་བདེན་མཐའ་གསལ་ཐབས་གནང་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་དང་གྲོས་ཚོགས་ཁག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ངོས་ནས་རྒྱབ་སྐྱོར་བྱེད་དགོས། ཞེས་འབོད་སྐུལ་ཞུས་ཡོད།
ཕྱོགས་མཚུངས་གསལ་བསྒྲགས་དེའི་ནང་རྒྱ་གར་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཆེད་ད་བར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཁང་ (INPAT) ངོས་ནས་སླད་ཀྱང་མུ་མཐུད་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་རྟོག་ཞིབ་གནང་རྒྱུ་མ་ཟད། འབྱུང་འགྱུར་བོད་ནང་དུའང་འདི་ལྟ་བུའི་རྟོག་ཞིབ་བྱ་རྒྱུའི་གོ་སྐབས་ཐོབ་རེ་ཡོད་སྐོར་དང་། འོས་བསྡུའི་གྲུབ་འབྲས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་གསལ་བསྒྲགས་གནང་རྗེས་རྟོག་ཞིབ་ཚོགས་ཆུང་གིས་བཙན་བྱོལ་བོད་མིའི་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ཐོག་ཉམས་ཞིབ་གནང་བའི་བསམ་འཆར་ཡིག་ཆ་དོན་ཚན་བཞི་ཅན་ཞིག་སྤེལ་རྒྱུ་ཡིན་སྐོར་འཁོད་ཡོད།
དེ་ཡང་དོན་ཚན་དེ་དག་ནི། ༡༽འོས་མི་སོ་སོས་འོས་བསྡུའི་སྐབས་དྲིལ་བསྒྲགས་ལས་དོན་སོགས་ཀྱི་ཆེད་འགྲོ་གྲོན་གཏོང་རྒྱུའི་དངུལ་གྱི་ཚད་གཞི་གཏན་འབེབས་གནང་ཕྱོགས་དང་། ༢༽བུད་མེད་ཀྱིས་འོས་བསྡུའི་ལས་རིམ་ནང་ཆ་ཤས་བླང་ཕྱོགས། ༣༽ས་གནས་ཁག་ཏུ་འོས་བསྡུའི་ལམ་ལུགས་དང་གྲོས་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་འོས་འདེམས། ༤༽རང་དབང་ལུང་པའི་ནང་ཡོད་ལོ་ན་སོན་པའི་བོད་མི་ཚང་མས་འོས་ཤོག་འཕེན་ཐུབ་པ་བཟོ་གལ། བཅས་ཡིན་སྐོར་སོགས་འཁོད་འདུག
ཐེངས་འདིའི་རྟོག་ཞིབ་ཚོགས་ཆུང་ནང་ཨིན་ཡུལ་དང་། ཨ་རི། ཕ་རན་སི། འཇར་མ་ནི། ཁེ་ན་ཌ། ཧང་གེ་རི། ཨི་ཊ་ལི། ཨོ་སི་ཊོ་ལི་ཡ་བཅས་ནས་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ལས་ཐོག་དང་ཟུར་པ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་སྣེ་སོགས་སྐུ་ཚབ་མི་སྣ་བརྒྱད་ཆེད་ཕེབས་གནང་ཡོད་པ་དང་། ཁོང་རྣམ་པས་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་རྡ་ས་ཁུལ་གྱི་འོས་བསྡུ་ས་ཚིགས་ཁག་གཅིག་དང་སྦིར་གཞིས་ཆགས་སུ་འོས་བསྡུའི་ལས་རིམ་རྟོག་ཞིབ་གནང་ཡོད། བོད་མིའི་འོས་བསྡུའི་རྟོག་ཞིབ་ལས་འཆར་ལ་མཐུན་འགྱུར་གནང་མཁན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟི་གནས་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ཁང་བཅས་ཡིན་འདུག །